༢༠༡༨ ཟླ་ ༤ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢ ཉིན་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་དང་འབྲེལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་རིག་གཞུང་དུས་སྟོན་སྲུང་བརྩི་ཞུ་སྐབས་འཕགས་བོད་གཉིས་དབར་གནའ་དེང་འབྲེལ་ལམ་སྐོར་བཀའ་བློན་ཁྲི་ཟུར་སློབ་དཔོན་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ཐོག་མར་རང་ཉིད་ལ་མགྲོན་ཤོག་འབྱོར་སྐབས་གཏམ་བཤད་བོད་ཧིན་གཉིས་ནང་མ་གཏོགས་ངེས་པར་དུ་ཨིན་སྐད་ཐོག་ཤོད་དགོས་ཚེ་ང་རང་མཛད་སྒོར་བཅར་རྒྱུ་མིན་པའི་ཐག་གཅོད་བྱས་ཡིན། སྤྱིར་ཨིན་ཧིན་གཉིས་ཀྱང་ངའི་མ་སྐད་མིན། འོན་ཀྱང་དེ་གཉིས་སྐད་ཐར་ཐོར་ཙམ་རྒྱག་གི་ཡོད། བོད་ཀྱི་ཡི་གེར་མཚོན་ན་རྒྱ་གར་ལ་ཁུངས་གཏུག་ཡོད། དེར་བརྟེན་རྒྱ་གར་དང་བོད་ཀྱི་སྐད་ཡིག་གཉིས་ལ་མཚོན་ན་དབྱངས་གསལ་དང་བརྡ་སྤྲོད་པའི་རྣམ་གཞག་ལ་ཁྱད་པར་གང་ཡང་མེད། དེར་བརྟེན་རྒྱ་གར་སྐད་ནང་ཕྲན་བུ་སྐད་ཆ་བཤད་བདེ་བ་འདུག
དེ་རིང་གི་བརྗོད་གཞིར་མཚོན་ན། འཕགས་བོད་གཉིས་དབར་གནའ་དེང་འབྲེལ་བ། ཞེས་ཨིན་སྐད་ནང་ལ་ “India and Tibet: Ancient Ties and current bond” ཞེས་པ་ཡིན་འདུག ཨིན་སྐད་ཐ་སྙད་ Ties དང་ bond ཞེས་པའི་ཚིག་གཉིས་པོ་དེ་ཧིན་སྐད་ནང་སྒྱུར་ན་བྷན་དན་དང་ཇགྷར་ཞེས་འབྲི་དགོས། དོན་དུ་ཕན་ཚུན་ཨུ་ཚུགས་སམ་བཙན་ཐབས་ཀྱིས་དཀྲི་བའམ་སྡམ་ནས་བཞག་པའི་འབྲེལ་བ་ལྟ་བུ་ཞིག་ལ་གོ་རྒྱུ་རེད། འཕགས་བོད་གཉིས་དབར་གྱི་འབྲེལ་བ་ནི་དེ་འདྲའི་འབྲེལ་བ་ཞིག་རེད་བསམ་པ་ངས་དྲན་གྱི་མེད།
འཕགས་བོད་གཉིས་དབར་གྱི་འབྲེལ་བ་ནི་ཕན་ཚུན་མཛའ་བརྩེའི་འབྲེལ་བ་ཞིག་རེད། གཅིག་ནས་དེང་སྐབས་ཕན་ཚུན་འབྲེལ་ལམ་སྐོར་བསམ་བློ་གཏོང་སྐབས་ཚང་མའི་བློར་ལྷན་སྐྱེས་སུ་ཆོས་གཉིས་དབར་འབྲེལ་ལམ་ཡོང་དགོས་པ་མ་གཏོགས། ཆོས་གཅིག་ཁོ་ནའི་སྟེང་འབྲེལ་ལམ་ཞེས་པ་འཇོག་ཤེས་ཐབས་མེད། གཉིས་ནས་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་འབྲེལ་ལམ་སྐོར་བརྗོད་སྐབས་རྒྱལ་ཁབ་གཉིས་དབར་ཕན་ཚུན་ཆབ་སྲིད་དང་དཔལ་འབྱོར། ཚོང་འབྲེལ། སྤྱི་ཚོགས་ཀྱི་འབྲེལ་ལམ། ཡང་ན་བདེ་འཇགས་དང་། ས་བབ་ཆབ་སྲིད་ཀྱི་འབྲེལ་ལམ་བཅས་ལ་གོ་བ་མ་གཏོགས་དེ་དག་ལས་སྤྲོས་པའི་རིག་གཞུང་དང་ཆོས་ཕྱོགས་ཀྱི་འབྲེལ་བ་ཞིག་བསམ་བློའི་ནང་འཁོར་ཐུབ་ཀྱི་མེད། རྒྱལ་ཁབ་གཉིས་དབར་གྱི་འབྲེལ་ལམ་སྐོར་སྐད་ཆ་ཤོད་སྐབས་ཡུལ་གཉིས་ཀྱི་མང་ཚོགས་དང་ཡང་ན་ས་བབ་ཆབ་སྲིད་ཀྱི་འབྲེལ་བར་གོ་བཞིན་ཡོད།
དེ་ལྟ་བུའི་འབྲེལ་བའི་ཐོག་ནས་ལྟ་སྐབས་འཕགས་བོད་གཉིས་དབར་ཧ་ལམ་འབྲེལ་བ་མེད་ཅེས་བརྗོད་ཆོག གང་ཡིན་བརྗོད་ན་དེ་འདྲའི་འབྲེལ་ལམ་དེ་རྒྱལ་ཁབ་འདྲ་མཉམ་དབར་ཡོང་དགོས་པ་ཞིག་རེད། འཕགས་བོད་གཉིས་དབར་འདྲ་མཉམ་གྱི་གནས་བབ་གཏན་ནས་མེད། དེའི་ཐོག་ངས་ཞིབ་ཕྲ་བརྗོད་ཐུབ། གནའ་རབས་འཕགས་བོད་ཡུལ་གཉིས་དབར་བླ་སློབ་ཀྱི་ཚུལ་དུ་གནས་ཡོད། མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་ཀ་མ་ལ་ཤཱི་ལ། སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པས་བོད་ནང་སངས་རྒྱས་ཀྱི་བསྟན་པ་གཞི་ཚུགས་པར་མཛད་རྒྱུའི་དགོངས་བཞེས་མཛད་པ་ནས་བཟུང་བོད་ས་ཡོངས་རྫོགས་རྒྱ་གར་གྱི་སློབ་དཔོན་དེ་དག་གི་སློབ་མར་གྱུར་ཡོད།
བླ་སློབ་དབར་འདྲ་མཉམ་ཡོང་ཐབས་མེད། བླ་སློབ་དབར་གྱི་འབྲེལ་བ་དེ་དད་པ་དམ་ཚིག་དང་ཡིད་ཆེས་ཀྱི་འབྲེལ་བ་ཞིག་རེད། བླ་མའི་ངོས་ནས་སློབ་མར་སྙིང་རྗེ་དང་ཐུགས་རྗེའི་བྱིན་རླབས་ཀྱིས་འཇུག་པར་བྱེད་བཞིན་ཡོད། དེའི་ཐོག་ནས་ལྟ་བ་ཡིན་ནའང་འདྲ་མཉམ་གྱི་གནས་སྟངས་ཤིག་རྩ་བ་ནས་མེད། ད་ལྟའི་དུས་སྐབས་འདིར་འཕགས་བོད་ཀྱི་འབྲེལ་ལམ་ལ་མཚོན་ནའང་ང་ཚོ་བོད་མི་ཚོ་རྒྱ་གར་ནང་གི་སྐྱབས་བཅོལ་བ་རེད། རྒྱ་གར་ང་ཚོའི་སྐྱབས་ཡུལ་ཆགས་ཡོད། སྐྱབས་བཅོལ་བ་དང་སྐྱབས་ཡུལ་གཉིས་ལ་མཚོན་ནའང་འདྲ་མཉམ་གྱི་གནས་བབ་གཅིག་གཏན་ནས་མེད། གཅིག་སྐྱབས་སྦྱིན་མཁན་དང་གཅིག་སྐྱབས་བཅོལ་མཁན་རེད། འོན་ཀྱང་དུས་དེང་སྐབས་སུའང་འཕགས་བོད་གཉིས་ཀྱི་འབྲེལ་ལམ་དེ་སྔ་ལྟར་ཆོས་ཕྱོགས་དང་། ཤེས་རིག འགྲོ་བ་མིའི་བཟང་སྤྱོད་དང་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་གྱི་འབྲེལ་བ་ཆགས་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་བོད་ཡུལ་གཉིས་གནའ་རབས་ནས་བླ་སློབ་ཀྱི་འབྲེལ་བ་ཡོད་པ་དང་། དུས་ད་ལྟ་སྐྱབས་བཅོལ་བ་དང་སྐྱབས་ཡུལ་གྱི་འབྲེལ་བ་ཆགས་ཚུལ་བཀའ་སློབ་སྩོལ་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོ་རར་ཇི་དེ་སའི Morarji Desai མཆོག་རྒྱ་གར་གྱི་སྲིད་བློན་དུ་བསྐོ་གཞག་གནང་མཚམས་དགའ་བསུའི་གསུང་འཕྲིན་ཞིག་སྩལ་བའི་ལན་དུ་ཁོང་ནས་༸གོང་ས་མཆོག་ལ། འཕགས་བོད་གཉིས་ནི་ལྗོན་ཤིང་གཅིག་གི་ཡལ་ག་གཉིས་ལྟ་བུ་ཡིན་ཚུལ་གསུངས་ཡོད། ལྗོན་ཤིང་གཅིག་གི་ཡལ་ག་མི་འདྲ་བ་གཉིས་ཀྱི་དོན་ནི། ཡལ་ག་གཉིས་ཡོད་ཀྱང་རྩ་བའི་ལྗོན་ཤིང་གཅིག་ཡིན་པ་རེད། ཤིང་སྡོང་གི་རྩ་བ་གཅིག་ལ་ཡལ་ག་མི་འདྲ་བ་སོ་སོར་ཇི་ཙམ་ཡོད་ཀྱང་རྩ་བ་གཅིག་ཡིན། རྩ་བ་སྐམ་སོང་ན་ཡལ་ག་གསོན་པོར་གནས་ཐབས་མེད། འོན་ཀྱང་ཡལ་ག་སྐམ་ཡང་རྩ་བ་གསོན་པོར་གནས་ཐུབ་པ་ཡོང་གི་ཡོད། དཔེ་མཚོན་དེ་ངའི་བློར་ཧ་ཅང་བབ་པོ་བྱུང་། དེར་བརྟེན་ངས་དཔེ་མཚོན་དེ་ཡང་ཡང་བསྐྱར་ལྡབ་བྱེད་བཞིན་ཡོད། བླ་སློབ་ཀྱི་འབྲེལ་བ་ཟེར་བ་དེ་ཁ་ནས་སྟོང་བཤད་ཙམ་མིན་པར་དོན་དངོས་ཉམས་ལེན་བྱེད་དགོས་པ་ཞིག་རེད།
དེར་བརྟེན་བླ་མའི་བཀའ་གསུང་ཅི་སྒྲུབ་ཞུ་ཆེད་ལོ་ངོ་ཉིས་བརྒྱ་ལྔ་བཅུའི་རིང་བོད་ཀྱི་ལོ་ཙྭ་བ་རྣམས་ཀྱིས་རྒྱ་གར་གནའ་རབས་ཀྱི་བཀའ་བསྟན་གྱི་གཞུང་དེ་དག་བོད་སྐད་ནང་ཕབ་སྒྱུར་ཞུས་ཡོད། མཁན་ཆེན་ཞི་བ་འཚོའི་སྐུ་དུས་བོད་དུ་བསྟན་པའི་གཞི་ཚུགས་པ་ནས་དུས་རབས་བཅུ་གཉིས་མཚམས་བར་མུ་མཐུད་བཀའ་བསྟན་སྒྱུར་གནང་ཡོད། དེང་སྐབས་འཛམ་གླིང་ནང་གི་རྒྱལ་རབས་ལོ་རྒྱུས་ཁྲོད་སྐད་ཡིག་གཅིག་ནས་སྐད་ཡིག་གཞན་ཞིག་གི་ནང་དེ་ལྟ་བུའི་གཞུང་རྒྱ་ཆེན་པོ་དང་སྒྱུར་སྤུས་དག་པོ་དེ་འདྲ་ཞིག་ཧ་ལམ་བྱུང་མྱོང་མེད། དེ་ཡང་བཀའ་འགྱུར་པོ་ཏི་བརྒྱ་དང་བརྒྱད། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་ཡོད། གཞུང་དེ་དག་དེང་སྐབས་སུའང་འཆད་གཉེར་མུ་མཐུད་བྱེད་བཞིན་ཡོད། རྒྱ་གར་མཁས་པའི་གཞུང་དེ་དག་ལ་བོད་ཀྱི་མཁས་པ་ཚོས་མཛད་པའི་རང་འགྲེལ་སྟོང་ཕྲག་བརྒལ་བ་ཡོད། ལུང་རྒྱུན་ཡང་གང་ཙམ་ཡོད། རིག་གཞུང་དེ་དག་རྒྱ་གར་ནང་སླར་གསོ་ཡོང་ཐབས་ཀྱི་མཛད་འགན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེས་མཛད་པ་མ་ཟད། དངོས་སུ་ཕྱག་བསྟར་ཡང་མཛད་བཞིན་ཡོད།
༸གོང་ས་མཆོག་གིས་ཀྱང་རྒྱ་གར་ང་ཚོའི་བླ་མ་དང་། བོད་མི་ཚོ་རྒྱ་གར་གྱི་སློབ་མ་ཡིན་ཞིང་། སློབ་མ་དེའང་ཡིད་ཆེས་བློས་འགེལ་ཆོག་པ་ཞིག་ཡིན་སྐོར་བཀའ་སློབ་ཡང་ཡང་སྩོལ་བཞིན་ཡོད།
དེ་སྔ་བོད་མི་ཚོས་རྒྱ་གར་ས་ཐོག་ནས་བོད་དུ་རིག་གཞུང་ཇི་ཙམ་གདན་འདྲེན་ཞུས་པ་དེ་དག་གྲ་མ་ཆག་གྲུ་མ་ཉམས་པར་དོན་གྱི་བདག་པོར་རྩིས་སྤྲོད་ཆོག་ཆོག་གི་གནས་སྟངས་འོག་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་ཁུར་ཁྲོད་གནའ་རབས་རྒྱ་གར་སྲོལ་རྒྱུན་གྱི་སེམས་ཁམས་རིག་པའི་ལྟ་གྲུབ་གཙོ་བོར་གྱུར་བའི་ནང་པའི་གཞུང་ལུགས་དེ་དག་རྒྱ་གར་ནང་བར་ལམ་དུས་འགྱུར་དབང་གིས་ཉམས་ཆག་ཕྱིན་པ་དེ་དག་སླར་གསོ་མཛད་རྒྱུ་ཡིན། གལ་ཏེ་རླབས་ཆེན་གྱི་དགོངས་བཞེས་དེ་དག་དོན་སྨིན་སོན་པ་བྱུང་ཚེ་དེར་གཞིགས་པའི་འབྱུང་འགྱུར་འཕགས་བོད་འབྲེལ་ལམ་གྱི་གནས་སྟངས་དེའི་ཐོག་ནས་ལྟ་དགོས་པ་ཞིག་ཡིན།
རྒྱ་གར་ནང་རིག་གཞུང་དེ་དག་བསྐྱར་གསོའི་དགོས་མཁོ་ཡོད་པ་ཧ་ཅང་གསལ་པོ་རེད། རིག་གཞུང་དེ་དག་བསྐྱར་གསོ་ཡོང་སླད་མ་འོངས་པར་ཡིན་ནའང་འཕགས་བོད་གཉིས་དབར་གྱི་འབྲེལ་བ་དེ་ཆབ་སྲིད་དང་དཔལ་འབྱོར། ཚོང་འབྲེལ། དེ་བཞིན་སྤྱི་ཚོགས་ཀྱི་གནས་སྟངས་དང་འབྲེལ་བ་ཞིག་མིན་པར་རང་བཞིན་ཐོག་ནས་བྱུང་བའི་འབྲེལ་བ་ཞིག་ཡིན་ཞིང་། འབྲེལ་བ་དེ་འབྱུང་འགྱུར་དུས་ཡུན་ཧ་ཅང་རིང་པོའི་བར་མུ་མཐུད་གནས་རྒྱུ་མ་གཏོགས་དེར་དོ་ཕོག་ཡོང་རྒྱུ་རེད་བསམ་པ་ངས་དྲན་གྱི་མེད། ཆབ་སྲིད་ཀྱི་གནས་སྟངས་ལ་དར་རྒུད་སྣ་ཚོགས་ཡོད། ཆབ་སྲིད་ཀྱི་བསམ་བློ་དང་བྱེད་བབ་གཉིས་ཀ་དུས་ནས་དུས་སུ་འགྱུར་བ་འགྲོ་རྒྱུ་ཞིག་རེད། འོན་ཀྱང་ཤེས་ཡོན་དང་ཆོས་ཕྱོགས་ཀྱི་རྨང་གཞིར་གྱུར་བའི་འབྲེལ་བ་ཐེངས་གཅིག་བྱུང་ཚར་རྗེས་རྟག་ཏུ་གནས་རྒྱུ་ཡིན་པ་ངས་བསམ་བཞིན་ཡོད།
བོད་མི་ཚོའི་བསམ་བློའི་ནང་རྒྱ་གར་འཕགས་ཡུལ་ཞེས་བརྗོད་སྐབས་རྩ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ང་ཚོ་དེ་སྔ་རང་ཡུལ་དུ་ཡོད་སྐབས་རྒྱ་གར་ནང་ཐེངས་གཅིག་གནས་ཆེན་བཞིའམ་བརྒྱད་ལ་མཆོད་མཇལ་དུ་འགྲོ་རྒྱུ་བྱུང་ན་བསོད་ནམས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་སྲོལ་ཡོད། གཞི་རྟེན་དེའི་ཐོག་གནས་པའི་འཕགས་བོད་འབྲེལ་ལམ་དེར་ཆབ་སྲིད་དང་ཚོང་འབྲེལ་གང་ཡང་མེད། བོད་མི་ཚོས་གཅེས་སྐྱོང་བྱེད་བཞིན་པའི་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་རྒྱ་གར་ནང་སླར་གསོ་ཐུབ་པ་བྱུང་ན་འཕགས་བོད་གཉིས་ཙམ་མ་ཟད། འཛམ་གླིང་ཡོངས་ལ་ཕན་ཐོགས་རླབས་ཆེན་ཞིག་ཡོང་ཐུབ།
ད་ལྟའི་འཛམ་གླིང་སྤྱི་ཚོགས་ཀྱི་གནས་སྟངས་ནི་དཀའ་ངལ་ཧ་ཅང་མང་པོ་ཞིག་འོག་གནས་ཡོད། འཚེ་བ་དང་ཁོར་ཡུག ཁ་རླུང་འབག་བཙོག དབུལ་ཕྱུག་དབར་གྱི་བར་ཁྱད། ཆབ་སྲིད་ཐོག་ནས་འབུ་ཆེས་ཆུང་བཟོས་ཀྱི་གནས་སྟངས། འཇིགས་སྐུལ་དྲག་སྤྱོད་པ་སོགས་ཀྱི་དཀའ་ངལ་ཧ་ཅང་ཡོད། དཀའ་ངལ་དེ་དག་རང་བཞིན་གྱིས་ཡལ་འགྲོ་རྒྱུ་ཞིག་རྩ་བ་ནས་མ་རེད། འཚེ་བ་འཚེ་བས་འགོག་ཐབས་བྱེད་བཞིན་པའི་གནས་སྟངས་འདི་ནི་ཡོང་ཐབས་རྩ་བ་ནས་མེད་པ་དཔེར་ན། མེ་གསོད་བྱེད་དུ་མེར་སྐྱབས་བཅོལ་བ་ལྟ་བུ་ཡིན། རྒྱ་གར་གནའ་རབས་ལེགས་གཤད་སླར་གསོ་བྱས་པ་བརྒྱུད་ཁ་ཕྱོགས་གསར་པ་ཞིག་བསྐྲུན་ཐུབ། ཁ་ཕྱོགས་གསར་པ་བསྐྲུན་རྒྱུའི་འགན་དེ་རྒྱ་གར་བ་ཚོར་ཡོད་ཅེས་ངས་ཚིག་ཐག་ཆོད་པོའི་ཐོག་བརྗོད་ཐུབ། ཅེས་སོགས་ཀྱི་གསུང་བཤད་གནང་། །