ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅།།འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༣ ཉིན་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་། ཨི་སི་ཏོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ (Yoko Alender) མཆོག་དང་། ཁོང་གི་སྐུ་ཟླ་སྐུ་ཞབས་ (Mr. Priit Juurmann) ལགས། དེ་བཞིན་ཨི་སི་ཏོ་ནི་ཡའི་བོད་དོན་ལས་འགུལ་འབྲེལ་མཐུད་པ་སྐུ་ཞབས་ (Mr. Roy Strider, Coordinator for Tibet support related activities in Estonia) ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇལ་འཕྲད་གནང་ཡོད།
དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ནང་ཕེབས་པའི་སྐོར་དང་། དེ་བཞིན་ ༡༩༥༦ ལོར་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ཏེ་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་མཛད་སྒོར་རྒྱ་གར་ལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆིབས་སྒྱུར་གནང་ནས་རྒྱ་གར་གྱི་གྲོས་ཚོགས་སོགས་ལ་གཟིགས་ཞིབ་ཏུ་ཕེབས་སྐབས་མང་གཙོའི་ལམ་ལུགས་ལ་ཡིད་སྨོན་བྱུང་བའི་སྐོར། དེ་རྗེས་ཕྱི་ལོ་ ༡༩༦༠ ནས་ད་བར་གྱི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་སྙིང་བསྡུས་དང་། ཆབས་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ཚོགས་འདུའི་འགྲོ་ལུགས། ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་གསུངས་གནང་ཡོད།
དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་ད་ལྟའི་ཆར་བོད་ནང་རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་འོག་བོད་མི་རྣམས་ཀྱིས་བཟོད་ཐབས་བྲལ་ཏེ་རང་ལུས་མེར་བསྲེགས་གནང་བཞིན་པ་དང་། ད་བར་བོད་མི་སྐྱ་སེར་ཕོ་མོ་གྲངས་ ༡༥༢ ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པའི་སྐོར་ངོ་སྤྲོད་དང་། ཕྱོགས་མཚུངས་གཉིས་སྨན་དབུ་མའི་ལམ་དང་བོད་རྒྱ་ཞི་མོལ་གལ་ཆེ་ཡིན་ལུགས། ད་དུང་བོད་མི་མང་སྤྱི་འཐུས་རྣམ་པ་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་ཕེབས་ཏེ་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་ཡོད་པའི་སྐོར་སོགས་ཀྱི་ཐོག་གསུངས་གནང་ཡོད་པ་མ་ཟད། ཁོང་རྣམས་ནས་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་དྲི་བ་བཏང་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད། དེ་རྗེས་ཁོང་རྣམས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་དུ་ཕེབས་གནང་ཡོད་པ་བཅས།།