ཕྱི་ལོ་༢༠༡༨ ཟླ་ ༣ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རིས་མེད་བཙུན་མ་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་འགན་འཛིན་ལྷན་ཚོགས་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡ ཉིན་གྱི་སྔ་དྲོར་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་བལ་འབྲུག་གསུམ་ནང་རྟེན་གཞི་བྱས་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བཙུན་དགོན་ཁག་ ༤༠ ཙམ་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་༧བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་་ཆུ་ཚོད་ ༨།༣༠ ཙམ་ལ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་རྡོ་རྗེ་རིན་པོ་ཆེ་མཆོག སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་རྗེ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་གྲྭ་བཙུན་སྔགས་གསུམ། དེ་བཞིན་མི་མང་བཅས་ཁྱོན་མི་་གྲངས་ ༤༠༠༠ ལྷག་འདུ་འཛོམས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་པ་དང་བསྟུན། གྲྭ་བཙུན་རྣམ་པས་སྨོན་ལམ་གསུང་འདོན་གནང་བ་དང་འབྲེལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་རྗེས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་སྐུ་བཅར་རྣམ་རྒྱལ་ལེགས་བཤད་ཕན་བདེ་གླིང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་མཎྜལ་ལྗགས་བཤད་རྒྱས་པར་གསུང་འདོན་གནང་སྟེ་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་བཀའ་སློབ་ལམ་སྟོན་སྩལ་དོན། དེ་རིང་བྱེས་འཁོད་རིས་སུ་མ་ཆད་པའི་བཙུན་དགོན་ཁག་ཐུན་མོང་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་པ་དང་འབྲེལ་ནས་བརྟན་བཞུགས་གནང་བ་རེད། ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། གལ་ཆེ་ཤོས་ཁྱེད་རང་ཚོའི་དགོས་འདུན་ནང་འཁོད་པ་ལྟར། དང་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བཀའ་སློབ་ལམ་སྟོན་ཐོག་དད་དམ་གཡོ་བ་མེད་པའི་ངང་ཤར་བསྐྱོད་བྱེད་རྒྱུ།
གཉིས་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་བཞེངས་ཕྱོགས་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་རྒྱུ།
གསུམ་པ། དོལ་རྒྱལ་བསྟེན་གསོལ་མི་བྱེད་པ་མ་ཟད། ཁོ་པའི་རྗེས་འབྲང་རྣམས་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་དམ་བཅའ་འབུལ་རྒྱུ། ཞེས་འཁོད་འདུག གང་ལྟར་བརྟན་བཞུགས་ནི་ཆོ་ག་འདོན་པ་གཅིག་པུའི་སྐད་ཆ་མ་རེད། རྒྱུན་དུ་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་ན། བླ་མའི་ཚེ་ཡུན་རིང་གནས་རྒྱུར་ཕན་ཐོགས་ཡོད། ཁྱེད་རང་ཚོས་དད་དམ་གཡོ་བ་མེད་པར་སོ་སོའི་གནས་སྟངས་གསུང་པ་རེད། ཧ་ཅང་ཡག་པོ་རེད། འདིའི་ནང་དུའང་བཀོད་འདུག
ང་ཚོ་རྒྱ་གར་ལ་སླེབས་ནས་བཙུན་མ་ཚོས་དཔེ་ཆ་བལྟ་དགོས་ཞེས་འབོད་སྐུལ་ཞུས་པ་གཞིར་བཟུང་གིས་བཙུན་མ་ཚོས་ཀྱང་གཞུང་ཆེན་ཁག་ལ་བལྟས་ནས་བཙུན་མའི་དགེ་བཤེས་མ་ཐོན་ཡོད། རྗེས་སུ་ཡི་རངས་ཡོད། ཧ་ཅང་ཡག་པོ་རེད། དགེ་བཤེས་འཇོག་རྒྱུ་ནི་ཟླ་བ་ཁ་ཤས་དང་ལོ་ཁ་ཤས་ལ་བསྙེན་པ་བཏང་ནས་དགེ་བཤེས་ཆགས་ཐབས་མེད། ལོ་མང་པོར་གཞུང་ཆེན་ཁག་གི་རྩ་བ་བློ་ལ་བཟུང་། འགྲེལ་བ་ཚིག་རེ་རེ་ནས་རྒྱ་གཞུང་གི་འགྲེལ་བ་དེ་དག་རྩ་བར་བཞག་ནས་འགྲེལ་བ་རྒྱག་པ་དང་། འགྲེལ་བའི་ཐོག་ནས་སོ་སོར་གོ་བ་ཞིག་ཆགས་པ་དེ་ཕྱོགས་གླང་དང་ཆོས་གྲགས་ཀྱི་ཚད་མ་རིག་པའི་ཐོག་ནས་བདར་ཤ་བཅད་ནས་སློབ་གཉེར་གནང་གི་ཡོད་པ་རེད། ཁྱོད་རང་ཚོ་དགེ་བཤེས་མ་ཚོས་ལོ་བཅུ་བདུན་བཅོ་བརྒྱད། ཉི་ཤུ་ཙམ་གྱི་རིང་ལ་དཔེ་ཆ་བལྟས་ཏེ་ཡོང་བ་རེད། ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་མ་གཏོགས་ཆོ་ག་འདོན་པ་དང་། རྟགས་ཆ་ལུགས་ཙམ་གྱིས་བསྟན་པ་འཛིན་སྐྱོང་བྱེད་པའི་མཚན་ཉིད་ཚང་བ་ཡོང་ཁག་པོ་རེད།
དེ་སྔ་བོད་དུ་བསྟན་པ་ས་དར་རྡོ་དར་ཡོད་ཀྱང་། མང་པོ་ཞིག་ལམ་དང་ལུགས་སྲོལ་ལྟ་བུར་ཕྱིན་པ་མ་གཏོགས། སྐྱབས་གསུམ་གྱི་མཚན་ཉིད་ཀྱང་ཡག་པོ་མ་ཤེས་པར་སྐྱབས་སུ་མཆི་ཟེར་གྱི་ཡོད། སྐྱབས་སུ་འགྲོ་སའི་ཡུལ་གྱི་ངོ་བོ་ཇི་ལྟར་ཡིན་པ་དང་། དེ་ལྟ་བུའི་སྐྱབས་དེ་རྒྱུ་རྐྱེན་གང་ལ་བརྟེན་ནས་གྲུབ་པ་རེད། ཆོས་དཀོན་མཆོག་སྐྱབས་དངོས་ཟེར་གྱི་ཡོད། སྐྱབས་དངོས་ཡིན་སྟངས་ཇི་ལྟར་ཡིན་པ་དང་། དགེ་འདུན་སྐྱབས་དངོས་སྒྲུབ་པའི་ཟླ་གྲོགས་ཟེར་གྱི་ཡོད། སངས་རྒྱས་ལ་སྐྱབས་སྟོན་པ་པོ་ཟེར་གྱི་ཡོད། གཙོ་བོ་སྐྱབས་སྟོན་པ་པོ་དང་སྐྱབས་སྒྲུབ་པའི་ཟླ་གྲོགས་ཞེས་ཟེར་བའི་རྩ་བ་ཐུག་ས་ནི་ཆོས་ལ་ཐུག་གི་ཡོད། ཆོས་ཞེས་པ་ནི་པོ་ཏིའི་སྐད་ཆ་མ་རེད། ཆོས་ཞེས་པ་ནི་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཡོད་པའི་ནང་གསུང་ཡོད་པའི་རྟོགས་པའི་ཡོན་ཏན་རང་གི་རྒྱུད་ལ་ཚང་དགོས་ཀྱི་ཡོད།
རྟོགས་པའི་ཡོན་ཏན་གྱི་གཙོ་བོ་འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་ནི་ཆོས་དཀོན་མཆོག་དངོས་གནས་དེ་ཆགས་ཡོད། སྐྱབས་དངོས་ནི་འདི་རེད། དེ་ལྟ་བུའི་སྐྱབས་སྟོན་མཁན་གྱི་སྟོན་པ་ནི་སྟོན་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་པས་ཐར་བ་སྟོན་པའི་སྟོན་པ་ཞེས་ཤོད་ཀྱི་ཡོད། སྐྱབས་སྒྲུབ་པའི་དགེ་འདུན་དེ་ཡང་དེ་ལྟ་བུའི་འགོག་ལམ་མམ་མ་མཐའ་ལམ་བདེན་གྱི་རྟོགས་པ་རྒྱུད་ལ་སྐྱེས་ཡོད་མཁན་ཞིག་ལ་འཕགས་པའི་དགེ་འདུན་ཟེར་གྱི་ཡོད། དེ་སློབ་གཉེར་མ་བྱས་ན་ཤེས་ཀྱི་མ་རེད།
དེར་བརྟེན་ང་ཚོར་དེ་སྔ་ལམ་ལུགས་སྲོལ་ལྟ་བུ་ཡོད་ཀྱང་དེ་ཞིབ་ཚགས་པོ་དང་སྤུས་དག་པོ་མི་འདུག ང་ཚོ་རྒྱ་གར་ལ་སླེབས་ནས་བོད་ཀྱི་ཆོས་དང་རིག་གཞུང་འཛམ་གླིང་འདིར་ངོམ་ཆོག་པ་དང་། འཛམ་གླིང་འདིར་ཚན་རིག་དང་མཐུན་པའི་འགྲེལ་བཤད་རྒྱག་ཐུབ་པ་དེ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཆགས་ཡོད། དེ་རྩ་ཆེན་པོ་རེད་ཅེས་པ་ཙམ་གྱིས་འགྲིག་གི་མེད། སོ་སོས་རྩ་ཆེན་པོ་ག་ཚོད་ཡིན་པ་ཤེས་པ་བྱེད་དགོས། མི་ལ་འགྲེལ་བཤད་རྒྱག་ཐུབ་པ་ཞིག་དང་། འགྲེལ་བཤད་རྒྱག་སྐབས་ཚིག་སྐམ་པོ་ཙམ་གྱིས་འགྲེལ་བཤད་བརྒྱབ་པས་མི་ཕན་པར་སོ་སོར་གང་ལ་གང་འཚམ་གྱིས་ཉམས་མྱོང་གི་བྲོ་བ་ཁ་བའམ་འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་གི་བྲོ་བ་གང་ལ་གང་འཚམ་ཁ་བ་ཡིན་ན་དེའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་ཡོང་གི་རེད། དེ་ལ་གཙོ་བོ་སློབ་གཉེར་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ཐོག་མ་དགེ་བཤེས་མ་ཡོང་དགོས་པ་རེད་ཅེས་བརྗོད་དུས་བླ་མ་དགེ་བཤེས་བགྲེས་པ་ཁ་ཤས་ཀྱིས་དགེ་བཤེས་མ་ག་འདྲ་བྱས་ཡོང་ངམ་ཞེས་ངོས་ལ་གསུངས་མྱོང་། ངོས་རང་གིས་དགེ་སློང་མའི་སྡོམ་རྒྱུན་ཡོད་མེད་གནས་ཚུལ་ཁ་ཁ་རེད་མ་གཏོགས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་གནང་འདུག དགེ་སློང་ཕ་དང་དགེ་སློང་མ་ཞེས་ཐོབ་ཐང་འདྲ་མཉམ་གནང་འདུག བཅོམ་ལྡན་འདས་ཀྱིས་བསླབ་པའི་ཆ་ནས་དགེ་སློང་མ་ཞེས་ཐོབ་ཐང་གཅིག་པ་གནང་པའི་ཆ་ནས་དགེ་བཤེས་མ་ཡོང་མ་ཆོག་པ་མེད་ཅེས་ཞུ་རྒྱུ་བྱུང་། ཁྱོད་རང་ཚོས་དཔེ་ཆ་བལྟས་ཏེ་ཧུར་ཐག་གནང་ནས་དེ་རིང་འདིར་ས་དགེ་བཀའ་རྙིང་བོན་དང་བཅས་པ་རིས་མེད་ཀྱི་བཙུན་མ་ཚོ་ཚོགས་པ་རེད། དངོས་གནས་སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག། །ཅེས་གསུངས་པ་ལྟར་ང་རང་ཚོ་ཚང་མ་ཐུགས་མཐུན་ཁྲིམས་གཙང་དེ་ཧ་ཅང་གལ་ཆེན་པོ་རེད། དེ་རིང་འདིར་ཁྱོད་རང་ཚོ་ཚང་མ་ཐུན་མོང་གི་ཐོག་ནས་གནང་བ་རེད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ། ཆུ་ཚོད་ ༡༠།༣༠ ལ་རིས་མེད་བཙུན་མ་སྤྱི་ནས་སྒྲོལ་དཀར་ཚེ་སྒྲུབ་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ལེགས་པར་གྲུབ་ཡོད།།