ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢ རེས་གཟའ་པ་སངས་ཉིན་རྒྱ་མི་ཚོང་པ་ཁ་ཤས་ཤིག་གིས་ཨིན་ཡུལ་གྱི་གྲོང་ཁྱེར་ཆེ་གྲས་ནོར་ཐམ་ཊོན་ Northampton ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུར་ངོ་རྒོལ་གྱིས་བཀག་འགོག་བྱེད་ཐབས་བྱས་ཀྱང་། གནོན་ཤུགས་དེར་མགོ་བོར་མ་འགུར་བར་གཟའ་ཟླ་བའི་ཉིན་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་གཙོ་བོར་གྱུར་བའི་འབྲེལ་ཡོད་མི་སྣ་ཁག་དང་ས་གནས་མི་མང་ ༡༤༠ ཙམ་ལྷན་འཛོམས་ཐོག་ལོ་འཁོར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཐེངས་ ༡༩ པ་དེ་གནང་འདུག
གྲོང་ཁྱེར་དེའི་ནང་ལོ་ ༡༩ གོང་ནས་བཟུང་ལོ་ལྟར་ཕྱི་ཟླ་གསུམ་པའི་ནང་གསུམ་བཅུའི་དུས་དྲན་གྱི་དུས་སྐབས་དང་བསྟུན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལམ་ནས་བོད་དང་བོད་མིའི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེ་གནང་བཞིན་ཡོད་པ་རེད།
སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་པས་བོད་དོན་དང་འབྲེལ་བའི་ལོ་འཁོར་ལས་འགུལ་དེ་ལ་རྒྱབ་སྐྱོར་གནང་བ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན་པའི་གསུང་བཤད་ཡང་གནང་འདུག
ཨིན་ཡུལ་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས་ཀྱིས་གྲོང་ཁྱེར་སྤྱི་ཁྱབ་པས་གཙོས་སྐུ་མགྲོན་མི་སྣ་དང་མང་ཚོགས་བཅས་ལ་ཁོང་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་གནང་བ་དེ་ནི། བོད་མིར་མཚོན་ན་རིན་ཐང་ཆེན་པོ་བརྩིས་ཀྱི་ཡོད་སྐོར་གསུང་པ་དང་། ལྷག་པར་ལས་འགུལ་གོ་སྒྲིག་གནང་མཁན་གཙོ་བོ་ཡིན་པའི་ལྕམ་སྐུ་ཀེ་རོ་ལིན་སི་ཀེ་ཊར་གུ་ཌི་ Caroline Scattergood ལགས་ཀྱིས་ཡུན་རིང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་པ་མ་ཟད། དཀའ་ངལ་ཤུགས་ཆེ་འཕྲད་མིན་ལ་མ་ལྟོས་པར་གྲོང་ཁྱེར་དེའི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གོ་སྒྲིག་གནང་བཞིན་པར་བཀའ་དྲིན་ཆེ་ཞེས་གསུང་གནང་འདུག
མུ་མཐུད་སྐུ་ཚབ་དོན་གཅོད་ཆོས་འཕེལ་ལགས་ཀྱིས་ད་ལན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ལ་རྒྱ་མིའི་ཚོང་པ་གཉིས་ཀྱིས་ངོ་རྒོལ་བྱས་པ་ནི་རང་དབང་ཅན་གྱི་མང་གཙོའི་རྒྱལ་ཁབ་ཞིག་ནང་ཁོང་ཚོའི་སྨྲ་བརྗོད་རང་དབང་དང་ཆབ་སྲིད་ཁེ་དབང་ལོངས་སུ་སྤྱོད་པ་ཞིག་ཡིན་ནའང་། ཐབས་སྐྱོ་བ་ཞིག་ལ་འགྲོ་བ་མིའི་གཞི་རྩའི་རང་དབང་དེ་དག་རྒྱའི་དབང་འོག་ཏུ་ཚུད་པའི་བོད་ནང་བོད་མི་ཚོས་ལོངས་སུ་སྤྱོད་སྐབས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བཀག་འགོག་བྱེད་བཞིན་པ་མ་ཟད། དེ་ཁྲིམས་འགལ་ལ་བརྩིས་ནས་བོད་མི་ཚོ་འཛིན་བཟུང་གིས་ལོ་མང་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་བྱེད་བཞིན་ཡོད་ཅེས་གསུང་འདུག
དེར་བརྟེན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ལ་མཉམ་ཞུགས་གནང་བ་ནི་བོད་མིར་རྒྱབ་སྐྱོར་གནང་བ་ཙམ་མིན་པར། རྒྱ་ནག་གི་འགོ་ཁྲིད་རྣམས་ཀྱི་ཁྲིམས་མེད་ལུགས་མེད་ཀྱི་བྱེད་སྟངས་ལ་གདོང་ལེན་གནང་བ་ཞིག་ཆགས་ཀྱི་ཡོད་སྐོར་གསུང་འདུག་པ་བཅས། །