ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཧི་མ་ཅཱལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ཕུན་ཚོགས་རཡེ་མཆོག་དང་། ཧི་མ་ལ་ཡ་རི་རྒྱུད་སྤྱི་ཏི་ཁུལ་གྱི་རིག་གཞུང་ཚོགས་པའི་དྲུང་ཆེ་བློ་བཟང་ཡེ་ཤེས་ལགས། ཚོགས་མི་རྡོ་རྗེ་རབ་བརྟན་ལགས་བཅས་བཞུགས་སྒར་རྡ་སར་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད་ཆེད་ཕེབས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ལེན་དང་མཇལ་འཕྲད་ཞུས་གནང་ཡོད།
དེ་ཡང་སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ད་ལྟའི་བོད་མིའི་འཐབ་རྩོད་ཀྱི་གནས་བབ་སྐོར་ངོ་སྤྲོད་སྙིང་བསྡུས་གནང་བ་དང་ཆབས་ཅིག་ཁོང་རྣམས་ཀྱི་ཐུགས་ཞིབ་སླད་བོད་མིའི་འཐབ་རྩོད་དང་འབྲེལ་བའི་དཔེ་དེབ་ཁག་གཅིག་ཕུལ་གནང་ཡོད། དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གདན་ཞུས་ཀྱིས་གཟིགས་སྐོར་ཕེབས་གནང་བ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ གྲུབ་ཆ་དང་། ཚོགས་འདུའི་འགྲོ་ལུགས། ལས་དོན་བྱེད་ཕྱོགས་ཀྱི་སྐོར་ངོ་སྤྲོད་སྙིང་བསྡུས་གནང་བ་དང་།
དེ་བཞིན་ཁོང་རྣམས་ནས་ཀྱང་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ལས་རིམ་ཁག་གཟིགས་མྱོང་ཡོད་པ་དང་། མང་གཙོའི་ལམ་ལུགས་བཞིན་གྲོས་ཚོགས་ཀྱི་ལས་རིམ་སྐྱོང་ཕྱོགས་དང་བགྲོ་གླེང་གནང་སྟངས་ལ་ཡི་རངས་བསྔགས་བརྗོད་ཆེན་པོ་གནང་ཡོད་པ་མ་ཟད། ཧི་མ་ལ་ཡ་རི་རྒྱུད་སྤྱི་ཏི་དང་། ག་ཤ། ཁུ་ནུ་ཁུལ་དུ་དུས་རྒྱུན་ནང་ཆོས་དང་། རིག་གཞུང་། དེ་བཞིན་བོད་དོན་དང་འབྲེལ་བའི་བགྲོ་གླེང་གོ་སྒྲིག་གནང་བཞིན་ཡོད་པ་ལྟར། ད་ལོར་ཡང་ནང་ཆོས་དང་འབྲེལ་བའི་བགྲོ་གླེང་ཞིག་གནང་འཆར་ཐོག་ལམ་སྟོན་ཁག་ཀཅིག་ཞུས་གནང་ཡོད། དཔལ་ལྡན་ཚོགས་གཞོན་མཆོག་གིས་ས་གནས་སུ་བོད་དོན་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་གང་མང་གོ་སྒྲིག་གནང་རྒྱུའི་འབོད་སྐུལ་ཞུས་པ་བཞིན་ཁོང་རྣམས་ནས་ཀྱང་ཞལ་བཞེས་བཟང་པོ་གནང་ཡོད།
སྐུ་ཞབས་ཕུན་ཚོགས་རཡེ་མཆོག་ནི་ཕྱི་ལོ་ ༡༩༩༠ ནས་ ༡༩༩༨ བར་ཧི་མཱ་ཅལ་མངའ་སྡེའི་སྲིད་གཞུང་གི་འཕྲོད་བསྟེན་བློན་ཆེན་ཡིན་པ་མ་ཟད། དེའི་སྐབས་རྒྱ་གར་དབུས་ཀོང་རེ་སེ་སྲིད་དོན་ཚོགས་པའི་ཚོགས་མི་ཡང་ཡིན་འདུག །