༢༠༡༨ ཟླ་ ༣ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༧ རེས་གཟའ་མིག་དམར་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཙམ་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཡངས་སྟེང་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པ་ཨར་ཨེ་སི་ཨེ་སི་ RSS ཚོགས་གཙོ་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་ Indresh Kumar མཆོག་དང་དཔལ་ལྡན་སྲིད་སྐྱོང་མཆོག་མཇལ་འཕྲད་གནང་བ་མ་ཟད། ཉིན་གུང་གསོལ་ཚོགས་ལྷན་བཞེས་གནང་འདུག
དེ་ཡང་མཇལ་འཕྲད་སོགས་ལེགས་པར་གྲུབ་མཚམས་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་མཆོག་གིས་གསར་འགོད་པར་མཇལ་འཕྲད་སྐོར་གསུང་དོན། ཧིན་དུའི་ལོ་གསར་འགོ་འཛུགས་པའི་སྐབས་འདིར་ངས་བོད་མི་གཙོ་བོར་གྱུར་པའི་ཚང་མ་ལ་སྨོན་འདུན་དང་འཚམས་འདྲི་ཞུ་རྒྱུ་མ་ཟད། ལོ་གསར་པ་འདིར་བོད་དང་བོད་མིར་བདེ་སྐྱིད་ཀྱི་ཉི་མ་འཆར་བ་དང་། བོད་དོན་བདེན་མཐའ་གསལ་སླད་མུ་མཐུད་འབད་བརྩོན་གནང་བཞིན་པའི་བོད་མི་རྣམས་ཀྱི་འཐབ་རྩོད་ཀྱི་ལས་འགུལ་ལ་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
ཕྱི་ལོ་ ༡༩༩༩ ལོར་ཕྲན་རང་ཇ་མུ་ཀཤ་མིར་དང་ཧི་མཱ་ཅལ་མངའ་སྡེའི་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་འགན་འཛིན་ཡིན་སྐབས་བོད་དོན་ལས་འགུལ་དང་འབྲེལ་བ་ཐོག་མ་བྱུང་། བོད་མི་རྣམས་ནི་ཞི་བདེར་དགའ་ཞིང་འཚེ་བའི་ལས་ལ་ཡིད་ཆེས་རྩ་བ་ནས་བྱེད་ཀྱི་མེད། ཞི་བདེའི་ལམ་ནས་མང་ཚོགས་ལ་གོ་རྟོགས་སྤེལ་བ་བརྒྱུད་བོད་དོན་བདེན་མཐའ་གསལ་ཐབས་སླད་འབད་བརྩོན་བྱས་དང་བྱེད་མུས་ལ་རྒྱ་གར་དང་རྒྱ་གར་མི་མང་ནས་གང་ཐུབ་ཅི་ཐུབ་མཐུན་འགྱུར་བྱེད་བཞིན་ཡོད།
བོད་མི་མང་དག་ཅིག་གིས་མ་སྐུལ་དང་བླངས་ཐོག་རྒྱ་གཞུང་ལ་ཞི་རྒོལ་སླད་གཞན་ལ་འཚེ་བ་ཏིལ་འབྲུ་ཙམ་ཡང་མ་བྱས་པར་རང་ལུས་མེར་སྲེག་བཏང་བ་དེ་ནི་རླབས་ཆེན་གྱིས་བློས་བཏང་ཞིག་རེད། དེ་ལྟ་བུའི་རླབས་ཆེན་གྱི་ལས་འགུལ་ལོ་ངོ་སྟོང་ཕྲག་རིང་ནས་ད་བར་སྤེལ་མྱོང་མེད། དེར་བརྟེན་ད་བར་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཡོངས་ལ་ངས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན།
ངས་འཛམ་གླིང་ཁྱོན་ཡོངས་ལ་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང་། ལྷག་པར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་འབོད་སྐུལ་ཞུ་རྒྱུར། བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག མི་རིགས། སྐད་ཡིག་སོགས་སྲུང་སྐྱོབས་བྱེད་དགོས་པ་མ་ཟད། བོད་མིའི་སྒྲིག་འཛུགས་དང་ལྷན་གྲོས་མོལ་བྱེད་དགོས། མི་རིགས་རྩ་མེད་བཟོ་རྒྱུ་ནི་ཧ་ཅང་ཉེས་པ་ཚབས་ཆེན་ཞིག་རེད། རྒྱ་ནག་གཞུང་ནས་མི་རིགས་རྩ་མེད་བཟོ་རྒྱུའི་ལས་འཆར་རིགས་རྩ་བ་ཉིད་ནས་སྤེལ་མི་རུང་། བཟང་སྤྱོད་ཀྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་དང་ལྷན་གྲོས་མོལ་བྱེད་དགོས།
མཐར་ངས་རྒྱ་གར་མི་མང་ལ་རེ་བསྐུལ་ཞུ་རྒྱུར། བོད་དང་བོད་མིར་གང་ཐུབ་མཐུན་འགྱུར་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས། མཇལ་འཕྲད་སྐབས་ནང་སྲིད་དང་དཔལ་འབྱོར། འཕྲོད་བསྟེན་བཅས་ལྷན་ཁང་གསུམ་གྱི་བཀའ་བློན་ཕེབས་ཡོད་པ་བཅས།།