ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༣༠ ཐོག་སྦར་ཛིལ་རྒྱལ་ཁབ་ནང་གི་ཆེད་ལས་སྨན་པ་ ༡༠ བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་མཇལ་འཕྲད་གནང་ཡོད།
སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་ལ་འཚམས་འདྲི་དང་སྦྲགས། བོད་ཀྱི་འདས་པའི་ལོ་རྒྱུས་སྐོར་སྙིང་བསྡུས་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་ལྷག་པར་བོད་ནང་རྒྱ་ནག་གཞུང་གི་དྲག་གནོན་གདུག་རྩུབ་ཀྱི་སྲིད་བྱུས་ལ་འགྱུར་བ་མེད་པར་མུ་མཐུད་ལག་བསྟར་བྱེད་བཞིན་པར་བོད་མི་རྣམས་མི་བཟོད་པར་རང་ལུས་མེར་སྲེག་གནང་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད།
དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་བ་དང་། སྒྲིག་འཛུགས་ཀྱི་དཔལ་འབྱོར་ཡོང་ཁུངས། སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ཚོགས་འདུའི་འགྲོ་ལུགས། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར་དང་བོད་དོན་རྒྱབ་ སྐྱོར་ཚོགས་པ་གཞན་ཁག་གི་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། ཁོང་རྣམས་ལ་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཐོག་ཞིབ་འཇུག་གིས་ཤེས་པ་གནང་སྟེ་ འབྱུང་འགྱུར་རང་ཡུལ་དུ་ཕེབས་འབྱོར་མཚམས། བོད་དོན་ཐོག་ས་གནས་གྲོས་ཚོགས་འཐུས་མིའི་རྒྱབ་སྐྱོར་ཐོབ་ཐབས་སླད་ལས་འགུལ་སྤེལ་གནང་རྒྱུ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་པ་སོགས་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་གང་ཐུབ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་བ་དང་། དེར་ཁོང་རྣམས་ནས་ཀྱང་གང་ཐུབ་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད། དེ་རྗེས་ཁོང་རྣམས་ནས་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་དྲི་བ་གང་མང་འདོན་གནང་བར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །