༢༠༡༨ ཟླ་ ༣ ཚེས་ ༡༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་༢༠༡༨ ཟླ་ ༣ ཚེས་༡༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ ཡོལ་ཙམ་ལ་པར་རིས་འགྲེམས་སྟོན་གྱི་ལམ་ནས་༼ རང་ཡུལ་ནས་བཙན་བྱོལ། ༽ ཞེས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་ནས་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་སྒྱུར་བསྐྱངས་བའི་སྐབས་ཀྱི་སྐུ་པར་འགྲེམས་སྟོན་དབུ་འབྱེད་མཛད་སྒོ་གནང་སོང་། དེ་ཡང་ཉིན་མོ་དེ་ནི་བོད་ཀྱི་ལོ་རྒྱུས་ཁྲོད་གལ་འགངས་ཧ་ཅང་ཆེན་པོ་ཞིག་ཆགས་ཡོད། པར་རིས་འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ཕེབས་ནས་འགྲེམས་སྟོན་དབུ་འབྱེད་གྲུབ་མཚམས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ནས་པར་རིས་འགྲེམས་སྟོན་སྐོར་ངོ་སྤྲོད་གསུང་བཤད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གསུང་དོན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ངས་སློབ་གྲྭའི་སྐབས་དངོས་སུ་སློབ་སྦྱོང་བྱས་པ་དང་། ཕྱིས་སུ་དགེ་རྒན་ཡིན་སྐབས་སློབ་ཁྲིད་བྱས་མྱོང་ཡོད། གསུམ་བཅུའི་དུས་དྲན་སྐབས་མང་ཚོགས་ལ་གཏམ་བཤད་བྱེད་སྐབས་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོར་གླིང་ཕོ་བྲང་ནས་རྒྱ་གར་དུ་ཆིབས་སྒྱུར་མ་གནང་གོང་ཐུགས་སྨོན་མཛད་པ་དང་། དེ་བཞིན་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་ཐུགས་ཐག་གཅོད་རྒྱུ་དེ་དག་ཀློག་པའི་སྐབས་སུ་སེམས་ནང་ཚོར་བ་ཤུགས་ཆེ་དང་སྦྲགས། མིག་ཆུ་ཤོར་བ་བཅས་ནི་གཙོ་བོ་ཉིན་མོ་དེར་བསམ་བློ་གཏོང་སྐབས་བོད་ཀྱི་ལོ་རྒྱུས་ཁྲོད་ཧ་ཅང་ཛ་དྲག་པོ་དང་། བློ་ཕམ་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཆགས་ཡོད།
ལོ་རྒྱུས་དེ་བོད་པར་གསར་པ་གང་ཡང་མ་རེད། ང་ཚོ་ཚང་མས་ཤེས་པ་དང་མཁྱེན་པའི་ཐོག་ནས་ཚོར་བ་རང་བཞིན་གྱི་ཡོང་བཞིན་པ་ཞིག་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༡༧ ཉིན་ནོར་གླིང་ཕོ་བྲང་ནས་ཆིབས་སྒྱུར་གནང་སྐབས་ཕེབས་ལམ་དུ་བྱུང་བའི་སྐུ་ངལ་དང་། རྒྱ་ནག་གི་ཉེན་ཁ་རང་བཞིན་གྱི་ཡོང་རྒྱུ་ཞིག་རེད། འོན་ཀྱང་བོད་སྐྱོང་ལྷ་སྲུང་རྣམས་ཀྱི་གྲོགས་འཕྲིན་ལས་དང་། བོད་མིའི་བསོད་ནམས་དང་ལས་དབང་སོགས་ཀྱི་མཐུ་ལ་བརྟེན་ནས་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་གྱི་ས་མཚམས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་བདེ་བར་འཁོད་ཐུབ་པ་བྱུང་བ་རེད། དེར་བསམ་བློ་གཏོང་སྐབས་བོད་སྤྱི་པའི་འཐབ་རྩོད་ལ་ཇི་ཙམ་ཤུགས་རྒྱག་དགོས་པ་གལ་ཆེ་ཡིན་པ་དེ་རང་བཞིན་གྱི་ངེས་པ་རྙེད་ཐུབ་པར་བརྟེན་ང་ཚོས་སེམས་ཤུགས་འཕར་མ་སྐྱེ་དགོས་པ་ཞིག་ཆགས་ཡོད།
ལྷག་པར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་འགྲེམས་སྟོན་ཞུས་པའི་སྐུ་པར་འདི་དག་མཇལ་ཡོང་སྐབས་བོད་བསྟན་པ་ཆབ་སྲིད་སྤྱི་དང་། ཡང་སྒོས་བོད་བསྟན་སྲིད་དང་སངས་རྒྱས་ཀྱི་བསྟན་པའི་འགྲོ་དོན་སླད་སྐུ་ངལ་འཛེམས་མེད་ངང་༸ཞབས་སོར་འཁོད་པ་རེད་མ་གཏོགས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་སྒེར་གྱི་དོན་དུ་གང་ཡང་མ་རེད།
རྒྱ་གར་ནང་༸ཞབས་སོར་འཁོད་རྗེས་མོན་རྟ་དབང་གཡས་གཡོན་དུ་མི་མང་ནས་མཇལ་ཁ་དང་། རྒྱ་གར་ས་མཚམས་ནས་མ་སུ་རིར་༸ཞབས་སོར་བདེ་བར་འཁོད་པའི་བར་དུ་རྒྱ་གར་གཞུང་ནས་སྣེ་ལེན་དང་ཆེ་མཐོང་ཞུས་པ་ཆ་ཚང་པར་རིས་ལམ་ནས་དངོས་སུ་མཇལ་རྒྱུ་ཡོད་སྟབས། ཧ་ཅང་གནད་འགག་ཆེན་པོ་རེད། ཅེས་སོགས་གསུངས།