༢༠༡༨ ཟླ་ ༣ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་ལོ་ངོ་ ༦༠ འཁོར་བའི་ཉིན་མོ་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་དང་། དེ་ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཕྱི་ནང་སྐུ་མགྲོན་ཁག་གཅིག་དང་། རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མང་ཚོགས་ཚང་འཛོམས་ཐོག་དུས་དྲན་གྱི་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུ་གཏན་འཁེལ་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། འཕགས་བོད་གཉིས་ལོ་རྒྱུས་ཐོག་ས་འབྲེལ་ཙམ་མ་ཟད། ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་རྒྱུན་སྐྱོང་བྱེད་བཞིན་པ་མ་ཟད། བོད་མི་ཚོས་རྒྱ་གར་ཡུལ་འདི་ཉིད་ལ་རྒྱ་གར་འཕགས་པའི་ཡུལ། ཞེས་ཆེ་བསྟོད་ཀྱི་ཚུལ་དུ་འབོད་སྲོལ་ཡོད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱ་གར་ང་ཚོའི་བླ་མ་དང་། བོད་མི་ཚོ་རྒྱ་གར་གྱི་སློབ་མར་ངོས་འཛིན་མཛད་པ་ཙམ་མ་ཟད། མགོན་པོ་གང་ཉིད་རྒྱ་གར་གྱི་བུ་ཞིག་ཡིན་པ་དང་། བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་རྗེས་འབྲང་གཤའ་མ་ཞིག་ཡིན་སྐོར་བཀའ་སློབ་སྩལ་དང་སྩོལ་མུས་ཐོག་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་རིག་གཞུང་གཙོ་བོར་གྱུར་བའི་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་རིག་གནས་བསྐྱར་གསོ་ཡོང་ཐབས་མཛད་བཞིན་ཡོད། དེར་བརྟེན་དེང་སྐབས་༸གོང་ས་མཆོག་ནི་རྒྱ་གར་གནའ་རབས་ཀྱི་འཚེ་བ་མེད་པ་དང་བྱམས་བརྩེའི་ལྟ་གྲུབ། ཆོས་ལུགས་མཐུན་སྒྲིལ། འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་ཀྱི་ལྟ་གྲུབ་གོང་མཐོར་གཏོང་གནང་མཛད་མཁན་རྒྱ་གར་གྱི་སྐུ་ཚབ་ཕུལ་བྱུང་ཞིག་ལ་ངོས་འཛིན་ཞུ་ཆོག ཅེས་སོགས་གསུངས།
དེ་ཡང་མཛད་སྒོ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་དོན། རྒྱ་གར་ཡུལ་འདི་ནི་བོད་མི་ཚོར་ཕ་ཡུལ་གཉིས་པ་ཞིག་ཡིན་པ་མ་ཟད། བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ཡིན། དེར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཕྱི་ལོ་ ༢༠༡༨ ལོ་འཁོར་མོར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་གཏན་འཁེལ་ཡོད། ཅེས་གསུངས།
ཕྱོགས་མཚུངས་དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས། ཕྱི་ལོ་ ༢༠༡༨ ལོ་འཁོར་མོར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་གཏན་འཁེལ་ཡོད། ལས་འགུལ་ལ་མཚོན་ན་རྒྱ་གར་རྒྱལ་ཡོངས་སུ་ལུས་ངག་གི་རྣམ་འགྱུར་གཉིས་ཀའི་ཐོག་ནས་སྤེལ་རྒྱུ་དང་། ལྷག་པར་བོད་ཀྱི་ཐུན་མིན་རིག་གཞུང་རྒྱ་གར་བཙན་བྱོལ་ནང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཐུབ་པ་དེ་དག་འགྲེམས་སྟོན་གྱི་ཚུལ་དུ་གཟིགས་འབུལ་བརྒྱུད་སྲུང་བརྩི་ཞུ་གཏན་འཁེལ་ཡོད། བོད་མི་ཚོས་བཙན་བྱོལ་བའི་གནས་སྟངས་འོག་སྒྲིག་འཛུགས་ཀྱི་དབུ་ཁྲིད་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ཐོག་ནས་བོད་དོན་བདེན་མཐའ་མ་གསལ་བར་མུ་མཐུད་འཐབ་རྩོད་བྱ་རྒྱུ་དང་། གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཆེད་འབད་བརྩོན་མུ་མཐུད་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད། ཅེས་གསུངས།
སྤྱིར་དེ་ཉིན་མཛད་སྒོ་སྔ་དྲོ་ཆུ་ཚོད་ ༡༠ ཐོག་དབུ་འཛུགས་ཞུ་རྒྱུ་ཡིན་པ་བཅས།།