༢༠༡༨ ཟླ་ ༣ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་༢༠༡༨ ཟླ་༣ ཚེས་ ༡༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཚོགས་ཐེངས་ ༨ ཚོགས་ཡོད། སྐབས་དེར་ “བཙན་བྱོལ་ནང་བྱུང་བའི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་རྣམ། ” ཞེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་པའི་ཉིན་མོར་ཚོགས་ཡོད།
དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཚོགས་ཐེངས་ ༨ དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་རྟེན་གཞི་བྱས་པའི་ནེ་རུ་དྲན་རྟེན་འགྲེམས་སྟོན་དང་དཔེ་མཛོད་ཁང་དུ་གོ་སྒྲིག་ཞུས་ཡོད་པ་དང་། ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འབྲེལ་ཡོད་ལས་བྱེད་འབྲུག་བསྟན་སྐྱིད་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་པའི་སྐོར་དང་། ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར། དེ་བཞིན་རྒྱ་ནག་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པ་ལ་བརྟེན་ནས་བོད་མི་སྟོང་ཕྲག་མང་པོ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་པའི་སྐོར་སོགས་དང་། ཕྱོགས་མཚུངས་རྒྱ་ནག་གིས་བོད་ས་ཡོངས་རྫོགས་ལ་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པར་བརྟེན། ད་བར་བོད་མི་ ༡༥༢ ཀྱིས་བོད་ལ་རང་དབང་དགོས་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་པའི་འབོད་སྒྲ་འོག་རང་ལུས་མེར་སྲེག་བཏང་བ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༡ ནང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཁྲིམས་མེད་ལུགས་མེད་ཐོག་འཛིན་བཟུང་བྱས་པའི་སྐོར། རྒྱ་ནག་གཞུང་གིས་བླ་རུང་སྒར་དང་ཡ་ཆན་སྒར་སོགས་ཀྱིས་མཚོན་པའི་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་བཏང་དང་གཏོང་བཞིན་པ་བཅས་ཀྱི་སྐོར་ལ་ངོ་སྤྲོད་གནང་ཡོད།
བགྲོ་གླེང་ཚོགས་འདུ་སྐབས་ཕྱི་དྲིལ་ལས་ཁུངས་ནས་བཟོ་སྐྲུན་གནང་བའི་ཕྱི་ལོ་༢༠༡༧ ལོར་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་ཛ་དྲག་ཅན་གྱི་དོན་ཚན་ལྔ་ལ་བསྐྱར་ཞིབ་ཅེས་པའི་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་པ་དང་། ལོ་ངོ་ ༣༨ རིང་ཕྱི་འབྲེལ་ཐོག་ཕྱག་ལས་གནང་མྱོང་མཁན་རྒྱ་གར་གྱི་གཞུང་ཚབ་ཝི་རནྡྲ་ Virendra Gupta ལགས་ཀྱིས་འཕགས་བོད་གཉིས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་བ་དང་རྒྱ་ནག་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པའི་སྐོར་ལ་འགྲེལ་བརྗོད་གནང་བ་དང་།
ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་རྩོད་པ་ཁག་གཅིག་དང་། མཐོ་སློབ་ཁག་གི་སློབ་དཔོན། ཁྲིམས་ཀྱི་སྐོར་སློབ་སྦྱོང་གནང་བཞིན་པའི་སློབ་མ། གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་བཅས་མི་གྲངས་ ༤༠ ལྷག་ཕེབས་ཡོད་པ་དང་། ལྡི་ལི་མཐོ་སློབ་ཀྱི་སློབ་དཔོན་ལོ་ཆེན་ Dr. Amarjeev Lochan ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་འདུག་པ་བཅས།།