ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༣༧ འཚོགས་བཞིན་པ་དང་བསྟུན། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཨ་རི་དང་། ཇར་མན། ཕ་རན་སི། ཁེ་ན་ཌ། བྷུལ་ག་རི་ཡ་ Bulgaria བཅས་ཀྱིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚབ་བྱས་ཏེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད་པའི་སྐོར་སེམས་འཚབ་དང་སྦྲགས། རྒྱལ་ཚོགས་ཀྱི་ཚོགས་མི་དེ་དག་གིས་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་ད་ལྟ་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་དོན་ཚན་༤ ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་དོ་སྣང་བྱེད་དགོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཁག་གཅིག་ Item 4 Human Rights situations that require the Council’s attention ཅེས་པའི་བརྗོད་གཞིའི་ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་ཡོངས་ནས་བགྲོ་གླེང་གནང་སྐབས། ཇར་མན་རྒྱལ་ཁབ་ཀྱིས་རྒྱ་ནག་གཞུང་ལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་དམིགས་བསལ་སྐུ་ཚབ་མི་སྣ་བོད་ཀྱི་ས་ཁུལ་ཁག་ལ་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་གཟིགས་སྐོར་དུ་ཕེབས་ཆོག་པའི་འབོད་སྐུལ་ཞུས་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་ཁྲིམས་བཤེར་བྱེད་སྐབས་དྲང་བདེན་གྱི་ཁྲིམས་བཤེར་ཞིག་ཡོང་བར་རྟོག་ཞིབ་མི་སྣ་ཆེད་བཅར་བྱ་ཆོག་པའི་ཐོབ་ཐང་སྤྲོད་ཀྱི་མེད་པ་དང་། དེ་བཞིན་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་སོགས་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་བཅས་ལ་སེམས་འཚབ་ཧ་ཅང་གནང་གི་ཡོད་ཅེས་དང་།
རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཡོངས་མགྱོགས་མྱུར་ངང་གློད་བཀྲོལ་གཏོང་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་འདུག
ཕྱོགས་མཚུངས་ཡུ་རོབ་སྤྱི་མཐུན་ཚོགས་པ་ནས་ཀྱང་རྒྱ་ནག་གཞུང་གིས་ཁྲིམས་བཤེར་བྱེད་སྐབས་དྲང་བདེན་ཡོང་ཆེད་ཟུར་ཉན་བཅར་འཇུག་དགོས་པ་དང་། བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཡོངས་མགྱོགས་མྱུར་ངང་གློད་བཀྲོལ་གཏོང་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་བརྩི་བཀུར་ཞུ་དགོས་པ་དང་། དེ་བཞིན་བོད་དང་ཡུ་གུར་ཐེ་བའི་སྣ་མང་རིག་གཞུང་བཅས་ལ་བརྩི་བཀུར་ཞུ་དགོས་པ་བརྗོད་འདུག
དེ་བཞིན་ཁེ་ན་ཌས་རྒྱ་ནག་གཞུང་གིས་མུ་མཐུད་གྲངས་ཉུང་མི་རིགས་ཐོག་གཉའ་གནོན་བྱེད་བཞིན་པའི་སྐོར་གླེང་སློང་གནང་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཡོངས་མགྱོགས་མྱུར་ངང་གློད་བཀྲོལ་གཏོང་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་འདུག
ཨ་རིས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དམག་ཁྲིམས་ལྟ་བུའི་དམ་བསྒྲགས་བྱེད་ཀྱི་ཡོད་པར་སེམས་འཚབ་ཡོད་ཅེས་དང་། ཕ་རན་སིས་རྒྱ་ནག་གཞུང་ལ་རྒྱ་ནག་གཞུང་གིས་ས་གནས་བོད་མི་མང་དང་ལྷན་དུ་གྲོས་མོལ་གནང་དགོས་ཞེས་འབོད་སྐུལ་གནང་འདུག དེ་བཞིན་ཨིན་གཞུང་གིས་ཀྱང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཡིན་པས་སེམས་འཚབ་ཡོད་ཅེས་བརྗོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྲིད་བྱུས་དང་ཞུ་གཏུག་འགན་འཛིན་མེ་ལ་ནེ Melanie Blondelle ལགས་ཀྱིས་རྒྱལ་ཚོགས་ཀྱི་ཚོགས་མི་ཡོངས་ལ་རྒྱ་ནག་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་དང་། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པའི་དཀའ་ངལ་དེ་རྒྱལ་ཚོགས་ཀྱི་ཚོགས་མི་ཡོངས་ནས་མཉམ་འབྲེལ་ཐོག་སེལ་དགོས་པའི་འབོད་སྐུལ་གནང་ཡོད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་པི་རན་སི་ Prince Zeid Ra’ad al Hussein མཆོག་གིས་ཟླ་འདིའི་འགོ་སྟོད་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ལ་སེམས་འཚབ་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་ལས་ཁུངས་ལ་རྒྱ་ནག་གཞུང་གིས་བོད་ཐེ་བའི་རྒྱ་ནག་གི་ས་ཁུལ་འདྲ་མིན་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པའི་ཞུ་སྙན་མུ་མཐུད་འབྱོར་བཞིན་ཡོད་པ་བརྗོད་འདུག
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༣༧ མ་ཚོགས་གོང་ཕྱི་དྲིལ་ལས་ཁུངས་དང་སུད་སི་དོན་གཅོད་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་རྒྱལ་ཚོགས་སུ་བདུན་ཕྲག་གཅིག་རིང་བོད་དོན་ཞུ་གཏུག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་དང་ཇེ་ཞན་འགྲོ་བཞིན་ཡོད་པའི་སྐོར་གསལ་འདོན་གནང་ཡོད་པ་དང་བཅས། །