༢༠༡༨ ཟླ་ ༣ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་ཝཱ་ཎ་བོད་ཀྱི་མཐོ་སློབ་ཀྱི་གཙུག་ལག་སློབ་དཔོན་སོགས་སློབ་དགེ་རྣམས་ལ་བཀའ་སློབ་སྩལ་འདུག སྐབས་དེར་༸གོང་ས་མཆོག་གིས་དེ་སྔ་ལོ་ངོ་ ༥༠ གོང་མཐོ་སློབ་ཀྱི་འགན་འཛིན་ཀ་པཱི་ལ་ཝཏྶྱ་ཡན་ Kapila Vatsyayan མཆོག་གིས་ལམ་སྟོན་འོག་མཐོ་སློབ་ཁང་དེ་ཉིད་ཐོག་མར་གསར་འཛུགས་ཐུབ་པ་དང་། དམིགས་ཡུལ་ཡང་གཙོ་བོ་བོད་ཀྱི་ཐུན་མིན་རིག་གནས་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་དུ་ཡིན་སྐོར་བཀའ་སློབ་སྩལ་དོན། དེང་སྐབས་མི་ཚོས་དེང་དུས་ཤེས་ཡོན་ལམ་ལུགས་གཅིག་པུས་འདང་གི་མེད་པ་ཤེས་སྟབས། རྒྱ་གར་གནའ་རབས་སྲོལ་རྒྱུན་རིག་གནས་ལ་གཞི་ནས་དོ་སྣང་གསར་པ་ཞིག་སླེབ་བཞིན་ཡོད། དེ་ལྟ་བུའི་རྒྱ་གར་གནའ་རབས་རིག་གནས་ནང་ཡོད་པའི་ཚད་མ་དང་གཏན་ཚིགས་རིག་པའི་རྣམ་གཞག་དེ་དག་ཆ་ཚང་བ་ཞིག་བོད་ཡིག་ཁོ་ནའི་ནང་མ་གཏོགས་མེད།
དེར་བརྟེན་མཚན་ཉིད་ལྟ་རྒྱུ་དེ་གྲྭ་པ་དང་ཨ་ནི་ཁོ་ནས་བྱེད་དགོས་པ་ལྟ་བུའི་བསམ་བློ་མ་གཏང་བར་མི་སྐྱ་ཕོ་མོ་ཚོས་ཀྱང་ངེས་པར་དུ་ལྟ་དགོས་འདུག ཅེས་ངོས་ཀྱིས་བརྗོད་བཞིན་ཡོད། མི་སྐྱ་ཕོ་མོ་ཚོ་གདན་ས་ཁག་གི་ནང་སློབ་གཉེར་བྱ་རྒྱུ་ཟེར་བ་དེ་འདྲ་ཁག་པོ་རེད། དེར་བརྟེན་རྡ་ས་རིགས་ལམ་སློབ་གྲྭ་དང་འདི་ག་ཝཱ་ཎ་མཐོ་སློབ་ལྟ་བུའི་ནང་མཐུན་འགྱུར་དེ་དག་ཡོད། མི་སྐྱ་ཕོ་མོ་ལྟ་བུར་མཚོན་ན་འདུལ་བའི་སྐོར་མ་ཤེས་ཀྱང་དབུ་མ་དང་ཚད་མ། ཕར་ཕྱིན་སོགས་ལ་རིགས་གཅིག་རྐང་འཛིན་བྱེད་ཆོག་པ་ཙམ་མ་ཟད། ལག་འཁྱེར་ཡང་སྤྲོད་ཆོག འདུལ་བའི་གཞུང་ནི་སེར་མོ་བ་ཁོ་ནས་གཟིགས་དགོས་པ་དང་། མངོན་པ་མཛོད་ལྟ་བུར་མཚོན་ན་མཛོད་ནས་རི་རབས་དང་གླིང་གཞི་གླིང་ཕྲན་སྐོར་གསུང་པ་དེ་དག་ཁུངས་སྐྱེལ་ཐུབ་རྒྱུ་ཕྲན་བུ་ཁག་པོ་ཆགས་ཡོད། སངས་རྒྱས་ཀྱི་བཀའ་བསྟན་དེ་དག་བོད་སྐད་ནང་ཆ་ལག་ཚང་བ་ཡོད་སྟབས་གཞུང་དེ་དག་ལ་སློབ་གཉེར་བྱ་རྒྱུར་ལེགས་སྦྱར་དང་སྐད་ཡིག་གཞན་ལ་བརྟེན་མི་དགོས།
རྒྱ་ནག་གི་གནས་སྟངས་ཧ་ཅང་རྒྱུས་མངའ་ཡག་པོ་ཡོད་མཁན་བོད་མི་ཞིག་གིས་ངོས་ལ་བརྗོད་དོན་ལྟར་ན། ནང་པའི་གཞུང་ལ་སློབ་གཉེར་བྱ་འདོད་པའི་རྒྱ་རིགས་ཤེས་ཡོན་ཅན་ཧ་ཅང་མང་པོ་ཞིག་གིས་བོད་སྐད་སྦྱོང་འདོད་བྱེད་བཞིན་ཡོད་པ་བརྗོད་བྱུང་། དེར་བརྟེན་ཁོང་ཚོར་མཐུན་རྐྱེན་སྦྱར་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད། འོན་ཀྱང་མཐོང་མཆན་སོགས་འགོག་རྐྱེན་མང་དག་ཅིག་འོག་ཁོང་ཚོར་དཀའ་ངལ་འཕྲད་བཞིན་ཡོད་སྟབས། ང་ཚོས་རྡོ་རྗེ་གདན་དུ་ནང་པའི་གཞུང་ལ་སློབ་སྦྱོང་བྱ་རྒྱུའི་བསྟི་གནས་ཁང་ཞིག་འཛུགས་ཐབས་ཐོག་བསམ་བློ་གཏང་དགོས། མཐུན་འགྱུར་མཐོ་སློབ་འདི་ནས་བྱེད་ཐུབ་ན་ཧ་ཅང་ཡག་པོ་རེད། ཅེས་བཀའ་སློབ་སྩལ།
དེ་རྗེས་མཐོ་སློབ་ཀྱི་ཨ་ཏི་ཤའི་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་ནས་རྒྱ་གར་རྒྱལ་ཡོངས་ཀྱི་ཉེ་བའི་རིགས་བདག་དང་རིགས་བདག་ཆེན་མོའི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༢ ཐོག་དབུ་བཞུགས་མཛད། སྐབས་དེར་རྒྱ་གར་རྒྱལ་ཡོངས་མཐོ་སློབ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་པི་སྦི་ཤརྨ་ལགས་ཀྱིས་༸གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུས་བསྟུན་ངོ་སྤྲོད་གསུང་བཤད་གནང་བ་དང་སྦྲགས། ཉེ་བའི་རིགས་བདག་རྣམས་ནས་འབྲེལ་ཡོད་མཐོ་སློབ་ཁག་གི་ནང་ཆོས་ལུགས་དང་མ་འབྲེལ་བའི་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཁྱབ་ཐུབ་པའི་བཟང་སྤྱོད་གོང་སྤེལ་གཏོང་ཐབས་ཐད་བསམ་བློ་གཏོང་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བྱམས་བརྩེ་དང་དྲང་བདེན། ཆོག་ཤེས་སོགས་གཞི་རྩའི་འགྲོ་བ་མིའི་བཟང་པོའི་རིན་ཐང་དེ་དག་འགྲོ་བ་མི་རིགས་སྤྱི་ལ་དགོས་མཁོ་ཧ་ཅང་ཡོད་སྟབས། དེའི་ཐད་བསམ་བློ་གཏོང་དགོས་སྐོར་སོགས་ངོ་སྤྲོད་གསུང་བཤད་གནང་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
ཁ་སང་ངོས་ཀྱིས་བརྗོད་པ་ལྟར་ཚན་རིག་པ་ཚོས་བྱིས་པ་ཆུང་ཆུང་ཁག་གཅིག་ལ་བརྟག་དཔྱད་བྱས་པ་བརྒྱུད་གཞི་རྩའི་མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ར་སྤྲོད་ཐུབ་ཡོད། ལྷག་པར་ཁོང་ཁྲོ་ཡང་ཡང་ལངས་བ་དང་། གཞན་ལ་འཁོན་འཛིན་བྱ་རྒྱུ། དེ་བཞིན་འཇིགས་དངངས་བྱས་པ་ཡིན་ན་ལུས་པོའི་འཕྲོད་བསྟེན་ལ་ཧ་ཅང་གནོད་གཞིར་གྱུར་ཡོད་པ་མ་ཟད། ལུས་ཀྱི་ཟུངས་ཤུགས་ཉམས་རྒྱུ་བཅས་དང་། དེ་ལས་ལྡོག་སྟེ་བྱམས་བརྩེ་དང་གཞན་ཕན་གྱི་ཀུན་སློང་ལ་བརྟེན་ནས་ལུས་པོའི་འཕྲོད་བསྟེན་ལའང་ཕན་བཞིན་ཡོད།
དེར་བརྟེན་ངོས་ཀྱིས་རེ་བ་ཞིག་མཐོང་བཞིན་འདུག ངོས་རང་སུད་སིར་ Switzerland བསྐྱོད་སྐབས་ཁུལ་དེར་རྟེན་གཞི་བྱས་པའི་ཤེས་ཡོན་བསྟི་གནས་ཁང་པེ་སི་ཊོ་ལོ་ཛིར་ Pestalozzi ཕྲུ་གུ་ཆུང་ཆུང་ཁྲོད་ཇིའུ་མི་རིགས་དང་པེ་ལི་སི་ཊཡེན་མི་རིགས་ཡིན་པའི་བྱིས་པ་རྣམས་ཕན་ཚུན་དོགས་པ་རྣམ་རྟོག་རྩ་བ་ནས་མེད་པར་རྩེད་མོར་རོལ་བཞིན་པ་མཐོང་བྱུང་།
ཆུང་བྱིས་པའི་སྐབས་ང་ཚོ་དང་ཁོ་པ་ཚོ་ཞེས་ཕན་ཚུན་དབྱེ་འབྱེད་ཀྱི་བསམ་བློ་མེད་ཀྱང་རིམ་བཞིན་དེང་དུས་ཤེས་ཡོན་ལམ་ལུགས་ལ་སློབ་སྦྱོང་བྱེད་སྐབས་བསམ་བློ་དེ་གཞི་ནས་ཡོང་བཞིན་ཡོད། དེར་བརྟེན་ཤེས་ཡོན་གྱིས་གཞི་རྩའི་འགྲོ་བ་མིའི་བཟང་སྤྱོད་ལ་འགོག་རྐྱེན་བཟོས་པ་ལྟ་བུ་ཆགས་ཡོད། ང་ཚོས་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་དེ་གོང་མཐོར་བཏང་བ་བརྒྱུད་འགྲོ་བ་མི་རིགས་སྤྱི་ལ་ཁྱབ་ཐུབ་པ་ཞིག་བྱེད་དགོས། དེང་དུས་ཤེས་ཡོན་ལམ་ལུགས་དང་དེང་རབས་སྤྱི་ཚོགས་ཀྱིས་གཙོ་བོ་ཕྱི་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་ནས་འགྲོ་བཞིན་ཡོད། འོན་ཀྱང་ནང་གི་ཞི་བདེ་ཟེར་བ་དེ་བསམ་བློ་དང་འབྲེལ་བ་ཡོད། ཅེས་བཀའ་སློབ་སྩལ་རྗེས་ཉིན་གུང་ལྗགས་སྨིན་བཞེས་གནང་མཛད་རྗེས་མཁའ་ལམ་བརྒྱུད་ལྡི་ལི་དང་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོར་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།