༢༠༡༨ ཟླ་ ༣ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༩ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ Core group for Tibetan Cause དང་། རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་མོན་རྟ་དབང་དང་ནུབ་ཀ་མེང་རྫོང་ཁུལ་གྱི་མི་མང་། དེ་བཞིན་ས་གནས་ཀྱི་དགོན་སྡེ་གྲྭ་ཚང་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་སྒྱུར་བསྐྱངས་ནས་ལོ་ངོ་དྲུག་ཅུ་འཁོར་ལ་ཉེ་བའི་དུས་དྲན་སྲུང་བརྩི་ཞུ་སླད་མོན་རྟ་དབང་ཁུལ་གྱི་འཕགས་བོད་ས་མཚམས་ཆུ་དྭངས་མ་ནས་ཏེ་ཛི་པུར་ Tezpur བར་ཞི་བའི་གོམ་བགྲོས་ཀྱི་ལས་འགུལ་ཞིག་འགོ་འཛུགས་གནང་སྟེ་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༨ རྒྱ་གར་གྱི་རྒྱལ་ས་ལྡི་ལི་བསམ་ཡས་གླིང་དུ་འབྱོར་ཡོད་པ་དང་། ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་ལྡི་ལི་བསམ་ཡས་གླིང་ས་གནས་སུ་ཞི་བའི་གོམ་བགྲོས་པ་ཡོངས་ལ་ཕེབས་བསུའི་སྣེ་ལེན་མཛད་སྒོ་ཞིག་ཚོགས་འདུག
སྐབས་དེར་བསམ་ཡས་གླིང་ས་གནས་འགོ་འཛིན་ཚེ་རིང་ལགས་ནས་ངོ་སྤྲོད་སྙིང་བསྡུས་གནང་རྗེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Shri R. K. Khrimey ལགས་ནས་ཞི་བའི་གོམ་བགྲོས་ཀྱི་ལས་འགུལ་ཐོག་མར་འགོ་འཛུགས་ཞུ་སྟངས་དང་མཐར་བདེ་ལེགས་ངང་ལས་འགུལ་ལམ་ལྷོང་ལྡན་པའི་ཐོག་ནས་མཇུག་བསྒྲིལ་ལ་ཉེ་བའི་གནས་སྟངས་སྐོར་ངོ་སྤྲོད་མདོར་བསྡུས་གནང་། དེ་ཡང་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་ཞི་བའི་གོམ་བགྲོས་པ་ཡོངས་ནས་ཉིན་གྲངས་ ༡༤ རིང་དཀའ་སྡུག་ལ་མ་འཛེམས་པར་གོམ་བགྲོས་ཀྱི་ལས་འགུལ་སྤེལ་བར་ཐུགས་རྗེ་གསུངས་པ་མ་ཟད། ས་གནས་ཡུལ་མི་རྣམས་ལའང་ཐུགས་རྗེ་གསུངས།
ཕྱོགས་མཚུངས་རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་། རྟ་དབང་དགོན་པའི་མཁན་པོ་ལས་ཐོག་པ་གངས་དཀར་སྤྲུལ་སྐུ་མཆོག ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གི་ཡུམ་ལྕམ་རིན་ཆེན་སྒྲོལ་མ་ལགས། རྟ་དབང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྷུན་གྲུབ་ཆོས་བཟང་ལགས་བཅས་ནས་ཚོགས་བཅར་བ་མི་གྲངས་ ༡༠༠ ལྷག་ལ་ཞི་བའི་གོམ་བགྲོས་དང་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད། ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་ཞི་བའི་གོམ་བགྲོས་པ་ཡོངས་ལ་ཕྱི་ལོ་༢༠༡༨ ཟླ་ ༣ ཚེས་ ༢༨ ཉིན་དགོང་དྲོའི་གསོལ་ཚིགས་ཤིག་ཀྱང་འདེགས་འབུལ་ཞུས་འདུག ཐེངས་འདིར་མོན་རྟ་དབང་དང་ནུབ་ཀ་མེང་རྫོང་ཁུལ་ནས་ཞི་བའི་གོམ་བགྲོས་ལས་འགུལ་ནང་ཁྱོན་མི་གྲངས་ ༤༡ ཉམས་ཞུགས་གནང་ཐུབ་ཡོད་པ་བཅས། །