༢༠༡༨ ཟླ་ ༣ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ཟླ་ ༣ ཚེས་ ༡༧ ཉིན་བོད་དོན་རྒྱབ་སྐྱོར་ཚོགས་མི་ཁག་གཅིག་གིས་རྒྱ་གར་བྱང་ཤར་མོན་རྟ་དབང་ཁུལ་གྱི་ཆུ་དྭངས་མ། ཞེས་པའི་འཕགས་བོད་ས་མཚམས་ནས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་འདུག གོམ་བགྲོད་དེ་ནི་དེ་སྔ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོར་གླིང་ཕོ་བྲང་ནས་རྒྱ་གར་ནང་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་པའི་ཉིན་མོ་དྲན་གསོ་ཞུ་སླད་ཡིན་འདུག
དེ་ཡང་ ༢༠༡༨ ཟླ་ ༣ ཚེས་ ༢༠ ཉིན་གོམ་བགྲོད་པ་རྣམས་མོན་རྟ་དབང་གྲོང་ཁྱེར་དུ་འབྱོར་མཚམས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག་ “རང་ཡུལ་ནས་བཙན་བྱོལ་” ཞེས་པའི་པར་རིས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་འདུག
འགྲེམས་སྟོན་དེ་བཞིན་རྟ་དབང་དགོན་པའི་མཁན་པོ་གངས་དཀར་སྤྲུལ་སྐུ་མཆོག་གིས་གཙོས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཀེར་མི་ Shri R. K. Khrimey ལགས་སོགས་གནད་ཡོད་མི་སྣ་ཁག་གཅིག་གིས་དབུ་འབྱེད་གནང་འདུག
འགྲེམས་སྟོན་དེར་ས་གནས་ཡུལ་མི་ཚོས་དགའ་མོས་ཆེན་པོ་ཞུས་འདུག་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་ཡུལ་དུ་དེ་སྔ་ཐེངས་ཁ་ཤས་ཆིབས་སྒྱུར་བཀའ་དྲིན་སྐྱོང་སྐབས་ས་གནས་སེར་སྐྱ་མང་ཚོགས་རྣམས་ནས་ཕེབས་བསུའི་སྣེ་ལེན་ཞུ་ཐུབ་པར་ཧ་ཅང་སྐལ་བ་བཟང་པོར་ངོས་འཛིན་ཞུ་བཞིན་འདུག
ཐེངས་འདིར་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ལས་བྱེད་རྣམས་ཀྱིས་རྟ་དབང་ཁུལ་དུ་འགྲེམས་སྟོན་ཞུས་རྗེས་ཕྱི་ཚེས་ ༢༣ ཉིན་ཌི་རང་ Dirang དང་ཚེས་ ༢༤ ཉིན་འབུལ་སྡེ་ལ་དེ་བཞིན་ཕྱི་ཚེས་ ༢༧ ཉིན་གྲོང་ཁྱེར་ཏེཛ་པུར་ Tezpur དུ་གོ་སྒྲིག་ཞུ་རྒྱུ་ཡིན་འདུག་པ་བཅས།།