ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། མི་ནི་སོ་ཌ་བོད་རིགས་སྤྱི་མཐུན་ཆོགས་པས་བྱང་ཨ་རི་སྐུ་ཚབ་དོན་གཅོད་དབུ་བཞུགས་ཐོག་འཇིགས་བྲལ་གློག་བརྙན་བཟོ་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་བ་དང་། དོན་གྲུབ་དབང་ཆེན་ལགས་ཀྱིས་ས་གནས་བོད་རིགས་མང་ཚོགས་ལ་རང་གི་མྱོང་བ་ངོ་སྤྲོད་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༤ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་མི་ནི་སོ་ཌ་ས་གནས་བོད་རིགས་མང་ཚོགས་ལ་རང་གི་མྱོང་བའི་སྐོར་ངོ་སྤྲོད་གནང་བ་དང་། སྤྱི་མཐུན་ཚོགས་པས་ས་གནས་བོད་རིགས་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ཏེ་དོན་གྲུབ་དབང་ཆེན་ལགས་ཀྱི་བྱས་རྗེས་ལ་ཡི་རངས་དང་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་ཡོད་པ་དང་། གཟེངས་རྟགས་ཕུལ་བའི་མཛད་སྒོའི་ཐོག་མར་སློབ་ཕྲུག་རྒན་པ་ཚོས་རིག་གཞུང་འཁྲབ་སྟོན་གནང་རྗེས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ངག་དབང་འཆི་མེད་ལགས་ཀྱིས་ས་གནས་ཀྱི་ལས་སྡོམས་སྙིང་བསྡུས་ངོ་སྤྲོད་དང་། སྐུ་ཚབ་དོན་གཅོད་མཆོག་དང་། དོན་གྲུབ་དབང་ཆེན་ལགས་ཀྱིས་སྤྱི་མཐུན་ཚོགས་པའི་གདན་ཞུ་ངོས་ལེན་གནང་སྟེ་དངོས་སུ་ས་གནས་ལ་ཕེབས་ཐུབ་པར་དགའ་པོ་བྱུང་ཞེས་གསུངས།
དོན་གྲུབ་དབང་ཆེན་ལགས་ཀྱིས་གསུང་བཤད་གནང་སྐབས། དཀའ་སྡུག་གི་ལོ་ཟླའི་ཁྲོད་ཀྱི་ཁོང་གི་ཁྱིམ་ཚང་གི་ལོ་རྒྱུས་སྙིང་བསྡུས་དང་། ཕྱི་ལོ་ ༡༩༩༢ ལོར་རྒྱ་གར་དུ་འབྱོར་ཏེ་ཕྱི་ལོ་ ༡༩༩༣ ལོར་བོད་དུ་ཕྱིར་ལོག་གནང་བའི་སྐོར། བོད་དུ་ལོག་རྗེས་ཕྱག་ལས་ཇི་གནང་དང་། འཐབ་གྲོགས་མང་པས་མཉམ་རུབ་འབད་བརྩོན་བྱས་པ་ལ་བརྟེན་ནས་བྱུང་བའི་འཇིགས་བྲལ་གློག་བརྙན་བཟོ་དགོས་པའི་སྐུལ་སློང་། དེའི་རྐྱེན་གྱིས་བཙོན་དུ་ཇི་ལྟར་ཚུད་པ་དང་། བཙོན་ཁང་ནང་དུ་བོད་རིགས་ཆབ་སྲིད་བཙོན་པར་དཀའ་སྡུག་ཇི་བྱུང་། བཙོན་ནས་གློད་བཀྲོལ་ཐོབ་རྗེས་དམ་བསྒྲགས་སུན་གཙེར་ཇི་བཟོས། ད་ལྟའི་བོད་ནང་གི་གནས་སྟངས་བཅས་ཀྱི་སྐོར་ངོ་སྤྲོད་གནང་རྗེས། མང་ཚོགས་ཀྱི་དྲི་བ་བཏོན་ལ་རྣམས་ལ་ཁ་གསལ་གོ་བདེའི་ལན་འདེབས་གནང་།
མཇུག་དུ་དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་ནང་དུ་བོད་མི་རྣམས་ལ་ལུས་སེམས་གཉིས་ཀྱི་དཀའ་སྡུག་ཆེན་པོ་འཕྲད་བཞིན་ཀྱང་། སེམས་ཤུགས་མ་ཆག་པར་ཆིག་སྒྲིལ་དུ་གནས་ཡོད་སྟབས། རང་དབང་ལུང་པར་ཡོད་མཁན་ཚོས་དེ་བས་ཆིག་སྒྲིལ་གནང་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པས་དེ་དོན་སེམས་ལ་འཇོག་རོགས་གནང་ཞེས་ལག་གཉིས་ཐལ་མོ་སྦྱར་ནས་འབོད་སྐུལ་གནང་། ཁོང་གིས་རང་ཉིད་ཀྱི་དངོས་མྱོང་ངོ་སྤྲོད་གནང་སྐབས་ཚོགས་ཁང་ནང་ཡོད་པའི་ཉན་མཁན་མི་ཉུང་བ་ཞིག་སེམས་སྐྱོ་ནས་མིག་ཆུ་ཤོར།
དེ་རྗེས་ས་གནས་བོད་རིགས་མང་ཚོགས་ཀྱིས་དོན་གྲུབ་དབང་ཆེན་ལགས་ཀྱི་བྱས་རྗེས་ལ་ཡི་རངས་ཆེ་བསྟོད་ཀྱི་གཟེངས་རྟགས་དང་། དོན་གྲུབ་དབང་ཆེན་ལགས་ཚེ་གང་ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་མིར་ངོས་ལེན་གནང་བའི་ཕྱག་འཁྱེར་དེ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་གི་ཕྱག་ནས་ཕུལ། དོན་གཅོད་མཆོག་གིས། སྤྱི་མཐུན་ཚོགས་པས་དོན་གྲུབ་དབང་ཆེན་ལགས་ཀྱི་མྱོང་བ་དངོས་རྣམས་ས་གནས་མང་ཚོགས་ལ་ངོ་སྤྲོད་དང་། ཁོང་གི་བྱས་རྗེས་ལ་ཆེ་བསྟོད། ཁོང་དང་མི་ནི་སོ་ཌའི་དབུས་དང་ས་གནས་ཀྱི་གྲོས་ཚོགས་འཐུས་མི་མཇལ་མོལ་གནང་རྒྱུའི་བྱེད་སྒོ་འདི་འདྲ་ཞིག་གྲ་སྒྲིག་གནང་ཐུབ་པར་ཚོགས་གཙོས་དབུས་རྒྱུན་ལས་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
གཟེངས་རྟགས་ཕུལ་བའི་མཛད་སྒོ་གྲུབ་རྗེས་སྐུ་ཚབ་དོན་གཅོད་མཆོག་གིས་ས་གནས་མང་ཚོགས་ལ་གསུང་བཤད་གནང་བའི་སྙིང་པོར། དོན་གྲུབ་དབང་ཆེན་ལགས་ཀྱིས་འབོད་སྐུལ་གནང་བ་ལྟར་ད་ལྟའི་གཉན་འཕྲང་གི་དུས་སྐབས་འདིར། རང་གཞན་ཚང་མས་ཆིག་སྒྲིལ་ཐོག་ནུས་པ་སྤུངས་དགོས་པའི་གལ་ཆེའི་རང་བཞིན་དང་། ཕ་མ་དང་དགེ་རྒན་གྱིས་ཕྲུ་གུ་ཚོར་བོད་སྐད་བོད་ཡིག་ཤེས་ཐབས་ལ་འབད་བརྩོན་གང་ཡོང་གནང་གི་ཡོད་ཀྱང་། ད་དུང་འགན་མང་ཙམ་འཁྱེར་ནས་ཤུགས་སྣོན་དགོས་པའི་སྐོར། སྐུ་ཚབ་དོན་གཅོད་ཁང་གི་ལས་དོན་བྱེད་ཕྱོགས་སྐོར་གསུང་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཨ་རི་དང་ཁེ་ན་ཌ་གཞུང་དང་གྲོས་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་གང་ལེགས་ཡོད་པའི་སྐོར་དང་། སྐུ་ཚབ་དོན་གཅོད་ཁང་གི་ལས་དོན་ཆེ་ཁག་གསུམ་ཡོད་པའི་ཁྲོད་ནས་གལ་ཆེ་བ་གཉིས་ནི། རྒྱ་རིགས་ལ་འབྲེལ་བ་བྱེད་རྒྱུ་དང་། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་འབྲེལ་བ་བྱེད་རྒྱུ་དེ་ཡིན་པའི་སྐོར། དེ་བཞིན་རྒྱ་ནག་གི་ཤུགས་རྐྱེན་སྐོར་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གོ་རྟོགས་སྤེལ་རྒྱུའི་གལ་ཆེའི་རང་བཞིན་དང་། དེའི་ཆེད་དུ་རིང་མིན་སྐུ་ཚབ་དོན་གཅོད་ཁང་ནས་ཟབ་སྦྱོང་ཁག་གཉིས་གྲ་སྒྲིག་གནང་བཞིན་ཡོད་པའི་སྐོར་བཅས་གསུང་རྗེས། མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་།
ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་སྐུ་ཚབ་དོན་གཅོད་མཆོག་དང་། དོན་གྲུབ་དབང་ཆེན་ལགས་རྣམ་གཉིས་སྤྱི་མཐུན་ཚོགས་པའི་རིག་གཞུང་སློབ་གྲྭར་གཟིགས་སྐོར་གནང་། དོན་གྲུབ་དབང་ཆེན་ལགས་ཀྱིས་དགེ་སློབ་ཡོངས་ལ་རང་དབང་མེད་པའི་བོད་ལུང་པར་རང་གི་ཕ་སྐད་སྲུང་སྐྱོབ་ལ་དཀའ་ངལ་དང་འགོག་རྐྱེན་སྣ་ཚོགས་ཡོད་ཀྱང་། དཀའ་ངལ་ཁྱད་བསད་ཀྱིས་ཚང་མས་ཤུགས་སྣོན་གང་ཐུབ་རྒྱག་གི་ཡོད་དུས། རང་དབང་ལུང་པར་ཞུགས་མཁན་ཚོས་བོད་སྐད་བོད་ཡིག་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་བོད་མི་རིགས་ལ་མཚོན་ན་ཧ་ཅང་གི་གལ་ཆེན་པོ་ཡིན་ཞེས་གསུངས། སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་གིས་རིག་གཞུང་སློབ་གྲྭའི་ཕྲུ་གུ་དང་། དགེ་རྒན། ཕ་མ་བཅས་ལ་དམིགས་ཏེ་གསུང་བཤད་གནང་སྐབས། ཕྲུ་གུ་ཚོས་བོད་སྐད་བོད་ཡིག་སྦྱོང་རྒྱུར་དོ་སྣང་དགོས་པ་དང་། ཕ་མ་ཚོས་ནང་དུ་བོད་སྐད་རྒྱག་དགོས་པ་དང་། ཕྲུ་གུའི་ཆེད་དུ་དུས་ཚོད་མང་ཙམ་གཏོང་དགོས་པ། དགེ་རྒན་ཚོས་སེམས་ཤུགས་ཆེན་པོས་ད་བར་གང་ཡོང་གནང་གི་ཡོད་ཀྱང་། སློབ་ཁྲིད་བྱེད་ཐབས་ཡར་རྒྱས་གཏོང་ཕྱོགས་ལ་སྔར་བས་དོ་སྣང་དང་ཤུགས་སྣོན་དགོས་པ་དང་། དེའི་ཆེད་དགེ་རྒན་རྣམས་ལ་སློབ་ཁྲིད་བྱེད་ཐབས་སྐོར་ཟབ་སྦྱོང་ཞིག་གྲ་སྒྲིག་གནང་བཞིན་པ་ཡིན་ཅེས་གསུངས།
དོན་གྲུབ་དབང་ཆེན་ལགས་ཐེངས་འདིར་མི་ནི་སོ་ཌར་ཉིན་གཉིས་ཀྱི་བྱེད་སྒོ་ཁག་ལེགས་པར་གྲུབ་སྟེ། ཕྱིཚེས་ ༢༥ ཉིན་ཁོང་གི་ཞུགས་གནས་སན་ཕི་རན་སི་ཁོར་ཕྱིར་ཕེབས་གནང་བ་བཅས། །