ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཙམ་ལ་བོད་ཨ་མདོ་རྔ་བ་རྫོང་རྨེའུ་རུ་མ་ནས་ཡིན་པའི་བོད་མི་ཚེ་ཁོ་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་འདུག
དེ་ཡང་ཚེ་ཁོ་ལགས་ནི་རྨེའུ་རུ་མའི་རུ་ཆེན་བཞི་པ་ནས་ཡིན་ཞིང་། དགུང་ལོ་ ༤༤ ཡིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཚེ་ཁོ་ལགས་ཀྱིས་རང་ལུས་མེར་སྲེག་གནང་རྗེས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་སེམས་འཚབ་ཧ་ཅང་གནང་བ་དང་ལྷན་གསུང་དོན། བོད་མིའི་སྒྲིག་འཛུགས་ནས་རང་ལུས་མེར་སྲེག་མ་གནང་རོགས་ཞེས་འབོད་སྐུལ་ཡང་ཡང་ཞུས་ཡོད་ཀྱང་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་རང་ལུས་མེར་སྲེག་གནང་མཁན་ ༡༥༢ བྱུང་ཡོད།
རྒྱ་ནག་གཞུང་གི་དམ་བསྒྲགས་སུན་གཙེར་འོག་བོད་མི་རྣམས་ཞི་བདེའི་འཚོ་བ་བསྐྱལ་རྒྱུར་དཀའ་ངལ་ཇི་ཙམ་འཕྲད་བཞིན་ཡོད་པ་གནས་ཚུལ་འདི་རིགས་ནས་ཧ་ཅང་གསལ་པོར་མཚོན་ཐུབ། ད་ཆ་རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་ལ་ཉན་འཇོག་དང་བརྩི་བཀུར་ཞུ་ཐོག་བོད་མིར་རང་དབང་སྤྲོད་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས།
རྒྱ་ནག་གཞུང་གིས་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་ངེས་པར་དུ་སེལ་ཐབས་གནང་དགོས། བོད་ཀྱི་གནད་དོན་གསལ་ཆེད་ཐབས་ལམ་ཡག་ཤོས་ནི་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཟུང་བའི་ཐོག་འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་མིའི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་བྱ་རྒྱུ་དེ་ཡིན། ཞེས་གསུངས།།