ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བདུན་པ་ཚོགས་གནང་ཡོད།
དེ་ཡང་སྔ་དྲོ་ཐོག་མར་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་ཁག་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་ཁག་སྤྱི་མོས་ཐོག་གཏན་འབེབས་གནང་བ་དང་། དེ་བཞིན་རང་ཚོགས་ཁག་ ༦༡ ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད།
དེ་རྗེས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ ༣༢ ཀྱི་རྒྱུན་གྲོན་སྔོན་རྩིས་སྤྱི་མོས་ཐོག་གཏན་འབེབས་དང་། ཕྱོགས་མཚུངས་དབུས་འོས་བསྡུ་ལས་ཁང་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས་ཁག་སྤྱི་མོས་ཐོག་གཏན་འབེབས་གནང་རྗེས། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དང་། རྩིས་ཞིབ་ཡན་ལག་ལས་ཁང་གི་རྒྱུན་གྲོན་སྔོན་རྩིས་སྤྱི་མོས་ཐོག་གཏན་འབེབས་གནང་བ་དང་། དེ་བཞིན་བདེ་སྐྱིད་གླིང་རྩིས་ཞིབ་ཡན་ལག་ལས་ཁང་གི་དམིགས་བསལ་སྔོན་རྩིས་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད།
དེ་ནས་དཔལ་འབྱོར་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་སྤྱི་མོས་ཐོག་གཏན་འབེབས་དང་། ཆོས་རིག་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད། དེ་རྗེས་འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས་སྤྱི་མོས་ཐོག་གཏན་འབེབས་དང་། འཕྲོད་བསྟེན་ཁྱབ་ཁོངས་ཡན་ལག་སྨན་ཁང་ཁག་ ༡༤ ཡི་རྒྱུན་གྲོན་སྔོན་རྩིས་སྤྱི་མོས་ཐོག་གཏན་འབེབས། དེ་མིན་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་སྨན་ཁང་ཁག་ ༤ དང་། མངོན་དགའ་སློབ་གྲྭ་བཅས་ཀྱི་ཟུར་བཀོལ་སྔོན་རྩིས་སྤྱི་མོས་ཐོག་གཏན་འབེབས་གནང་ ཡོད། ཕྱོགས་མཚུངས་སྣེ་ལེན་འབྲེལ་མཐུད་ཁང་དང་། ཡན་ལག་སྣེ་ལེན་འབྲེལ་མཐུད་ཁང་གི་ཟུར་བཀོལ་སྔོན་རྩིས་ཁག་སྤྱི་མོས་ཐོག་གཏན་ འབེབས་བྱུང་ཡོད།
དེ་རིང་གི་ལས་རིམ་གཉིས་པ་བཀའ་བློན་གྱི་འོས་འདེམས་ཐོག་བཅའ་ཁྲིམས་དགོངས་དོན་ གཞིར་བཟུང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་བློན་འོས་མིའི་ ལོ་རྒྱུས་ངོ་སྤྲོད་སྙན་སྒྲོན་གནང་བ་དང་། དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་མོས་ཐོག་འོས་འདེམས་དགག་བྱ་ཡོད་མེད་ གཟིགས་པར། དགག་བྱ་བྱུང་སྟབས་ཁྲིམས་སྒྲིག་ལྟར་ངོ་ཡོད་སྤྱི་འཐུས་གྲངས་ ༤༤ ནས་གསང་བའི་འོས་བསྡུ་གནང་ཡོད། དེའི་སྐབས་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་ལ་འོས་གྲངས་ ༢༦ གིས་རྒྱབ་སྐྱོར་ཐོབ་སྟེ་མང་མོས་ཐོག་ནས་བཀའ་བློན་དུ་བདམས་ཐོན་བྱུང་ཡོད་པ་བཅས། །