ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བཞི་པ་ཚོགས་གནང་ཡོད།
དེ་རིང་སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་གིས་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་སྙན་སྒྲོན་གནང་བ་དང་། དེ་ནས་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་སྔོན་རྩིས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་སྟེ་སྤྱི་མོས་ཐོག་གཏན་འབེབས་གནང་བ་དང་། དམིགས་བསལ་སྔོན་རྩིས་ཐོག་མང་མོས་ཀྱིས་གཏན་འབེབས་གནང་ཡོད། དེ་བཞིན་གོང་གསལ་སྔོན་རྩིས་གཉིས་ཀྱི་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་འབྲེལ་ཡོད་ཕྱི་དྲིལ་བཀའ་བློན་མཆོག་ལ་དྲི་བར་བཏོན་གནང་བར། ཕྱི་དྲིལ་བཀའ་བློན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད། དེ་རྗེས་ཚོགས་དྲུང་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་དགོངས་ཤོག་ཁག་དང་། བདུན་རྗེས་མའི་ལས་རིམ་སྙན་སྒྲོན་གནང་གྲུབ་མཚམས། དཔལ་ལྡན་ཚོགས་གཙོ་མཆོག་གིས་གནངས་སྔ་དྲོ་ཕྱག་ཚོད་ ༩།༣༠ བར་ཚོགས་གསེང་གྱི་གསལ་བསྒྲགས་གནང་བ་བཅས། །