༢༠༡༨ ཟླ་ ༣ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ ༢༠༡༨ ཟླ་ ༣ ཚེས་ ༣༠ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༣ ཚེས་ ༢༩།༣༠ ཉིན་ཐེ་ཝན་ཏུང་ཝུ་གཙུག་ལག་སློབ་གྲྭ་ཆེན་མོ་སྤྱི་ཚོགས་རིག་གནས་སྡེ་ཚན་ནས་གོ་སྒྲིག་གནང་བའི་ “༢༠༡༧ ལོ་དགེ་ཆེའི་ཞིབ་འཇུག་གྲུབ་འབྲས་དཔྱད་གླེང་” ཞེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་གནད་དོན་དང་འབྲེལ་བའི་རྩོམ་ཡིག་སྒྲོག་སྦྱང་དང་། རྩོམ་ཡིག་ལ་དཔྱད་གླེང་བཅས་གནང་ཡོད་པ་རེད།
ཐོག་མར་སྤྱི་ཚོགས་རིག་གནས་སྡེ་ཚན་གྱི་འགན་འཛིན་ནས་ཐེངས་འདིའི་ཚན་པའི་དགེ་ཆེ་རྣམས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་ངལ་རྩོལ་ཆེན་པོས་བྲིས་པའི་རྩོམ་ཡིག་ཁག་ལོ་འཁོར་ཞིབ་འཇུག་གི་གྲུབ་འབྲས་དཔྱད་གླེང་སྤེལ་བའི་དགོས་དམིགས་ངོ་སྤྲོད་གནང་རྗེས། ཚོགས་ཐེངས་དང་པོ་ཏུང་ཝུ་གཙུག་ལག་སློབ་ཆེན་གྱི་དགེ་ཆེ་ཧོང་མོའོ་ལགས་ཀྱིས་ “ངོས་ཀྱིས་བོད་དོན་ལ་དོ་སྣང་དང་ཞིབ་འཇུག་བྱེད་པའི་རྒྱུ་རྐྱེན་དང་བརྒྱུད་རིམ། འཆར་སྣང་།” ཞེས་པའི་བརྗོད་གཞིའི་ཐོག་རྩོམ་ཡིག་བྲིས་ཡོད་པ་སྒྲོག་སྦྱང་གནང་། ཁོང་གིས་གསུང་དོན་ལ་ ༡༩༧༨ ལོར་ཐེངས་དང་པོར་བོད་དང་འབྲེལ་བའི་རྩོམ་ཡིག་ཅིག་ཀློག་མྱོང་ཡོད་པ་དང་། དེ་རྗེས་ ༡༩༩༢ ལོ་ནས་བཟུང་བོད་དོན་སྐོར་གྱི་རྩོམ་ཡིག་འབྲི་འགོ་བརྩམས་པ། ལྷག་པར་ཕྱི་ལོ་ ༡༩༩༩ ལོར་བཞུགས་སྒར་རྡ་རམ་ས་ལར་བཅར་ཏེ་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་སྐོར། དེ་རྗེས་རིམ་པས་ཐེ་ཝན་དུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་འབྲེལ་བ་བྱུང་བ་ཁག་ངོ་སྤྲོད་གནང་ཞིང་། ཁོང་གི་རྩོམ་ཡིག་ནང་དོན་གཙོ་བོ་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་བོད་ཀྱི་གནས་བབ་དང་། རྒྱ་བོད་གཉིས་ཕན་ཚུན་འབྲེལ་མོལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་སྲིད་བྱུས་སྐོར་སོགས་ངོ་སྤྲོད་གནང་འདུག
དགེ་ཆེ་ཧོང་མོའོ་ལགས་ཀྱི་རྩོམ་ཡིག་ལ་དཔྱད་གླེང་གནང་མཁན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་མགྲོན་འབོད་ལྟར་རྩོམ་ཡིག་གི་ནང་དོན་ལ་དཔྱད་གླེང་གནང་བ་མ་ཟད། དགེ་ཆེ་ཧོང་མོའོ་ལགས་ངོ་སྤྲོད་གནང་སྐབས་གསུང་དོན། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བཙུགས་ནས་ལོ་ཉི་ཤུ་འཁོར་གྱི་ཡོད་པས། འབྲེལ་ཡོད་ཡིག་ཆ་འཚོལ་ཞིབ་བྱེད་སྐབས་ཐེ་ཝན་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་དངོས་སུ་ལས་འགུལ་སྤེལ་ཏེ་རྒྱབ་སྐྱོར་གནང་མཁན་ཐོག་མ་ནི་ཏུང་ཝུ་གཙུག་ལག་སློབ་གྲྭ་ཆེན་མོ་དང་། དགེ་ཆེ་ཧོང་མོའོ་ལགས་ཡིན་པ་ར་འཕྲོད་བྱུང་སྐོར་དང་། དེ་ཡང་སྤྱི་ལོ་ ༢༠༠༤ ལོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བོད་ཀྱི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་བཀྲོལ་དགོས་པའི་ལས་འགུལ་ཉིན་གསུམ་བསྟུད་མར་སྤེལ་གནང་ཡོད་པ་དང་། དེ་རྗེས་ཐེ་ཝན་ནང་བོད་དོན་གྱི་ལས་འགུལ་སྐབས་ཐེངས་མང་མཉམ་ཞུགས་གནང་ཡོད་སྐོར་སོགས་ངོ་སྤྲོད་གནང་།
ཏུང་ཝུ་གཙུག་ལག་སློབ་ཆེན་སྤྱི་ཚོགས་རིག་གནས་སྡེ་ཚན་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལས་འགུལ་གྱི་ཆ་ཤས་གཅིག་ནི་ “༢༠༡༧ ལོ་དགེ་ཆེའི་ཞིབ་འཇུག་གྲུབ་འབྲས་དཔྱད་གླེང་” ཞེས་པ་དེ་ཡིན་པ་དང་། བརྗོད་གཞི་འདྲ་མིན་ཐོག་ཁྱོན་རྩོམ་ཡིག་གྲངས་ ༡༡ སྒྲོག་སྦྱང་དང་དཔྱད་གླེང་། འདྲི་བ་དྲིས་ལན་བཅས་གནང་ཡོད་པར། དགེ་རྒན་དང་སློབ་ཕྲུག་སོགས་མི་གྲངས་བཞི་བཅུ་ལྷག་ཚོགས་ཞུགས་གནང་ཡོད་ཁོངས་ནས་རྒྱ་ནག་སྐམ་ས་ནས་སླེབས་པའི་སློབ་ཕྲུག་ཀྱང་མཉམ་ཞུགས་གནང་ཡོད་པ་རེད། ཚོགས་ཞུགས་ཡོངས་ལ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་༸གོང་ས་མཆོག་གིས་རྒྱ་མི་རིགས་ལ་སྩལ་བའི་བཀའ་སློབ་ཕྱོགས་སྒྲིག་དེབ་ཆུང་རེ་འགྲེམས་སྤེལ་གནང་ཡོད་པ་རེད།