༢༠༡༨ ཟླ་ ༣ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༤ རེས་གཟའ་ཉི་མ་ཉིན་རྒྱབ་ནས་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༦ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱབ་རྡ་ས་ག་གཱལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༥ ཉིན་ས་གནས་སུ་ལས་འཆར་ཁག་ཡོངས་སུ་ལེགས་པར་གྲུབ་རྗེས་ཕྱི་ཚེས ༦ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།