ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཐོག་མར་ཆིབས་སྒྱུར་བསྐྱངས་ནས་ལོ་ངོ་དྲུག་ཅུ་ཙམ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད་དུ་ Core group for Tibetan Cause ཞེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་མོན་རྟ་དབང་དང་། ནུབ་ཀ་མེང་རྫོང་། ཏེ་ཛི་པུར་བཅས་ཀྱི་མི་མང་དང་དགོན་སྡེ་གྲྭ་ཚང་སོགས་ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཆུ་དྭངས་མོ་ནས་ཨ་སམ་མངའ་སྡེའི་ཏེ་ཛི་པུར་གྲོང་ཁྱེར་བར་གོམ་བགྲོད་ལས་འགུལ་ཞིག་སྤེལ་གནང་ཡོད་པ་དེ་དག་ཕྱི་ཚེས་ ༣༠ ཉིན་གོམ་བགྲོད་པ་རྣམས་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་སྐབས་བོད་མིའི་སྒྲིག་འཛུགས་གཙོ་བོར་གྱུར་བའི་རྡ་ས་ཁུལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་མི་མང་བཅས་ཀྱིས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚོུད་ ༡༠ ཙམ་ལ་གོམ་བགྲོད་པ་རྣམས་བཞུགས་སྒར་རྡ་ས་མེག་ལོ་གན་ཇིའི་གསུམ་མདོར་ཕེབས་འབྱོར་སྐབས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ཆེས་མཐོའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། ཐུགས་རྗེ་ཆེ་ཞུའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གཙོས། རྡ་ས་ཁུལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་མི་མང་བཅས་ནས་མཇལ་དར་སྒྲོན་ཏེ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་།
གོམ་བགྲོད་པའི་ཁོངས་སུ་རྟ་དབང་དགོན་པའི་མཁན་པོ་གངས་དཀར་སྤྲུལ་སྐུ་མཆོག་དང་། མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་མཆོག ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གི་ཡུམ་རིན་ཆེན་སྒྲོལ་མ་ལགས། དེ་བཞིན་མོན་རྟ་དབང་དང་། ཏེ་ཛི་པུར་ས་གནས་སོ་སོའི་ལས་འགུལ་གོ་སྒྲིག་ཚོགས་གཙོ་སོགས་ཁྱོན་གོམ་བགྲོད་པ་མི་གྲངས་ ༥༠ ཙམ་ཕེབས་གནང་འདུག
ལས་འགུལ་སྣེ་ཁྲིད་མཁན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་མཆོག་གིས་ཐེངས་འདིར་ཕྱི་ཟླ་ ༣ ཚེས་ ༡༧ ནས་ ༢༧ བར་ཉིན་གྲངས་བཅུ་གཅིག་རིང་ཆུ་དྭངས་མོ་དང་ཏེ་ཛི་པུར་བར་གོམ་བགྲོད་ལས་འགུལ་འདི་སྤེལ་དགོས་པའི་དམིགས་གཙོ་བོ་ནི་༧གོང་ས་མཆོག་དེ་སྔ་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་སྒྱུར་བསྐྱངས་བ་དེ་དྲན་གསོ་ཞུ་རྒྱུ་དང་ལྷན། མང་ཚོགས་སྤྱི་དང་ལྷག་པར་གཞོན་སྐྱེས་རྣམས་ལ་བོད་དང་བོད་མིའི་གནད་དོན་སྐོར་གོ་རྟོགས་སྤེལ་རྒྱུའི་ཆེད་ཡིན་སྐོར་ངོ་སྤྲོད་གནང་བ་མ་ཟད། ལས་འགུལ་སྤེལ་སྐབས་མང་ཚོགས་ནས་༧གོང་ས་མཆོག་སྐུ་དངོས་སུ་ཕེབས་པ་ལྟ་བུ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དེ་ཡིས་ས་གནས་མང་ཚོགས་ནས་༧གོང་ས་མཆོག་ལ་དད་པ་དམ་ཚིག་ཧ་ཅང་ཤུགས་ཆེ་ཡོད་པ་མངོན་གསལ་བྱུང་ཡོད་སྐོར་གསུང་གནང་སོང་།
དེ་བཞིན་རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག་གིས་ལས་འགུལ་དེ་ཉིད་དོན་དང་ལྡན་པ་བྱུང་སྐོར་དང་། ལྷག་པར་ཧི་མ་ལ་ཡ་མི་རིགས་ཚོ་ལའང་བོད་ཀྱི་གནད་དོན་དེ་སེམས་ཐག་ཉེ་བོར་རྩི་བཞིན་ཡོད་ཅེས་གསུང་།
གོམ་བགྲོད་པ་རྣམས་ལ་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་མིན་པའི་ཚོགས་པ་གཙོ་བོ་ཁག་ལྔ་ཡིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁང་དུ་ཕེབས་བསུའི་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་གནང་ཡོད་པ་དང་ཕྱི་ཚེས་ ༣༡ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ནས་གོ་སྒྲིག་གནང་བའི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་དམིགས་བསལ་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད་པ་བཅས།།