ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༨ ཉིན་མོ་འདི་བཞིན་རྒྱ་ནག་གཞུང་ནས་ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་བདག་པོ་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་གྱི་ཁྲིམས་གཞི་བསྡམས་པ་ནས་བཟུང་ད་བར་མནར་གཅོད་དང་གཉའ་གནོན། བཤུ་གཞོག་འོག་བོད་རིགས་རྒྱལ་གཅེས་སེར་སྐྱ་ཕོ་མོ་རྒན་བྱིས་གྲངས་ལས་འདས་པ་ཞིག་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། ཉེས་མེད་ཁྲི་ཚོ་མང་པོར་བཙོན་འཇུག་དང་མནར་གཅོད། དེ་བཞིན་གར་སོང་ཆ་མེད་བཟོས་པ་སོགས་ཀྱི་ཀླ་ཀློའི་བྱ་སྤྱོད་འོག་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པར་བརྟེན། བོད་ནང་གི་རྒྱལ་གཅེས་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། ཁོང་རྣམ་པའི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གི་གདུང་སེམས་མཉམ་སྐྱེ་ཞུ་ཆེད་དང་། ལྷག་པར་སྐུ་གཤེགས་རྒྱལ་གཅེས་པ་རྣམས་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་ཅི་མཆིས་བྱང་ཞིང་དག་སྟེ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་མཉེས་བཞིན་རྗེས་སུ་བཟུང་བའི་མཐུ་ལ་བརྟེན་ནས་མངོན་མཐོའི་རྟེན་བཟང་རིམ་བརྒྱུད་མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མྱུར་དུ་འཐོབ་པ་དང་།
པཎ་ཆེན་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་བླ་སྤྲུལ་དགེ་བཙུན་སྔགས་གསུམ་དང་། སྐྱ་བོ་རྒན་བྱིས་བར་གསུམ་བཅས་མནར་གཅོད་མྱོང་བཞིན་བཙོན་དོང་དུ་ཡོད་པ་རྣམས་མྱུར་དུ་བཙོན་བཀྲོལ། དེ་བཞིན་རྒྱལ་གཅེས་སྐུ་གཤེགས་རྣམས་ཀྱི་བྱས་རྗེས་དང་། གསོད་རྡུང་བཀོལ་གསུམ་གྱི་དྲག་གནོན་འོག་མནར་གཅོད་མྱངས་དང་མྱོང་མུས་ཀྱི་རྒྱལ་ཞེན་སྙིང་སྟོབས་ལྡན་པའི་ཕོ་མོ་རྒན་བྱིས་བར་གསུམ་གྱིས་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་དང་། དེ་དག་གི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ལྷ་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་སྡོད་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་། ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་རྒྱལ་གྲྭ་ཚང་གི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་རྗེས་ཆུ་ཚོད་ ༡༠ བར་སྨོན་ལམ་གསུང་འདོན་གནང་ཡོད།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༡༠༠ རེར་ཕུལ་ཏེ་མཆོད་འབུལ་སྨོན་ལམ་གྲོལ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འགོད་པ་ཚོར་གསུང་དོན། ཕྱི་ལོ་ ༡༩༨༧་་་༡༩༨༩ བར་བོད་དུ་ཞི་རྒོལ་ཆེན་པོ་བྱུང་སྟེ། ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༨ ཉིན་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་དྲག་པོ་ཁྲིམས་གཞི་བསྡམས་ནས་ཞི་བདེར་གནས་པའི་བོད་མིའི་ཐོག་དཀའ་སྡུག་མི་བཟད་པ་བསྐྲུན་པའི་དུས་ཚིགས་ངན་པ་དེ་ཉིད་རྗེས་དྲན་དང་། དུས་མིན་རྐྱེན་ལམ་དུ་གྱུར་བའི་རྒྱལ་གཅེས་པ་རྣམས་ཀྱི་སྙིང་སྟོབས་བློས་བཏང་ལ་བཀའ་དྲིན་གུས་བརྩི་དང་། ཕྱོགས་མཚུངས་ད་ལྟ་བོད་ནང་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་བྱེད་དུ་ལོ་ལྟར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་ཀྱི་ཡོད་པ་རེད། དཔེར་ན། ང་ཚོ་བོད་མི་དང་ནང་པ་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་བདེན་དོན་ཆེད་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་རྣམས་དྲན་དགོས་པ་ཞིག་དང་། སྨོན་ལམ་རྒྱག་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་སྨོན་ལམ་རྒྱག་སྐབས་བོད་རྩ་དོན་སླད་སྐུ་ལས་སྐྱོན་མཁན་བོད་མིའི་སྐྱེ་བར་ལེན་པར་ཤོག་ཅེས་སྨོན་ལམ་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ལྟ་ཡིན་ནའང་རྒྱ་ནག་གི་བཙོན་ཁང་ནང་བོད་མི་ཆབ་སྲིད་བཙོན་པ་ཧ་ཅང་མང་པོ་ཡོད་པ་རྣམས་ལ་ང་ཚོས་སྨོན་ལམ་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
རྒྱ་ནག་དམར་པོའི་གཞུང་གིས་བོད་ས་ཡོངས་ལ་སྔར་ལྷག་དམ་བསྒྲགས་ཤུགས་ཆེ་རུ་བཏང་སྟེ་ཛ་དྲག་ཇེ་ཆེར་གནས་ཡོད་པ་དང་། ཕྱོགས་གཅིག་ནས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཤོར་ནས་མི་ལོ་ ༦༠ འཁོར་གྱི་ཡོད་པ་རེད། དེ་བཞིན་ཐེངས་འདིའི་གསུམ་བཅུ་དུས་དྲན་ནི་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་བོད་མི་རིགས་ཀྱི་རང་དབང་མངོན་འདོད་གསལ་འདོན་བྱེད་པའི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་བཅུ་འཁོར་གྱི་ཡོད་སྟབས། རྒྱ་ནག་གཞུང་ལ་ནམ་རྒྱུན་དང་མི་འདྲ་བར་སེམས་ཁྲལ་ལམ་དོ་སྣང་ཤུགས་ཆེ་བ་བྱེད་ཀྱི་ཡོད་པའི་བཟོ་འདྲ་ཞིག་འདུག དེས་ག་རེ་སྟོན་གྱི་ཡོད་དམ་ཞེ་ན། ལོ་དྲུག་ཅུའི་རྗེས་སུ་མི་རབས་གཉིས་པ་དང་གསུམ་པ་སླེབས་པའི་རྗེས་སུའང་བོད་ནང་གི་བོད་མིའི་ཞུམ་པ་མེད་པའི་སྙིང་སྟོབས་ཡོད་པའི་ཐོག་ནས་རྩ་དོན་མུ་མཐུད་རྩོད་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་ཁམས་ལྟ་བུ་བཟོས་ཡོད་ཟེར་གྱི་ཡོད་ཀྱང་དོན་དངོས་སུ་རྒྱ་ནག་གཞུང་གིས་དམག་སྦྱོང་སོགས་ཀྱི་ལམ་ནས་བོད་མི་ཚོར་འཇིགས་སྐུལ་དང་དྲག་གནོན་བྱེད་རྒྱུའི་འབད་བརྩོན་གྱི་ཡོད་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད།
ཧ་ཅང་བློ་ཕམ་པའི་གནས་ཚུལ་ཞིག་ལ་ཕྱི་ཚེས་ ༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཙམ་ལ་བོད་མདོ་སྨད་རྔ་པའི་རྨེའུ་རུ་མ་ཡུལ་ཚོའི་རང་ལོ་ ༤༤ ཡིན་པ་ཚེ་ཁོ་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཞི་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་ཡོད། བོད་མདོ་སྨད་རྔ་པ་ཁུལ་ནས་རང་ལུས་མེར་སྲེག་གནང་མཁན་མང་ཤོས་ཆགས་ཡོད། བོད་ནང་གི་བོད་མིར་སྙིང་སྟོབས་ཡོད་པ་དང་། དུས་ད་ལྟ་ཡིན་ནའང་བོད་རྩ་དོན་དང་མི་རིགས་སླད་སྐུ་ལས་སྐྱོན་གྱི་ཡོད་པ། རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་ལ་ཉན་འཇོག་དང་བརྩི་བཀུར་ཞུ་ཐོག་བོད་མིར་རང་དབང་སྤྲོད་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པའི་འབོད་སྒྲ་ནི་ཡོངས་གྲགས་ཆགས་སྟབས། བོད་མིའི་མངོན་འདོད་གང་ཡིན་པ་མཁྱེན་པའི་ཐོག་ནས་བོད་མི་ཚང་མ་རྡོག་རྩ་་གཅིག་སྒྲིལ་ཐོག་ནས་སྐུ་ལས་སྐྱོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།ཅེས་གསུང་།།