ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༠ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ཞི་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་ ༥༩ དང་། རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་འཐུས་མི་སྐུ་ཞབས་ཇོརཇ་ཝེ་ཀར་ Shri George Baker མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་སེར་སྐྱ་མི་མང་། སློབ་ཕྲུག་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རྒྱ་གར་གྱི་རྒྱལ་གླུ་བཏང་།
དེ་ནས་བོད་དང་བོད་མིའི་རྩ་དོན་སླད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཆེད་ངག་བཅད་སྐར་མ་གཅིག་རིང་ཞུས་གྲུབ་བསྟུན། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་གསུམ་བཅུའི་དྲན་གླུ་བཏང་།
དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་། དེ་ནས་བོད་མིའི་ཆབ་སྲིད་ཀྱི་དབུ་འཁྲིད་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་ལྷན་གསུང་བཤད་གནང་དོན།ངས་བཀའ་ཤག་གི་ཚབ་བྱས་ནས་དེ་རིང་ཞུ་རྒྱུ་གཙོ་བོ་ནི། ཕྱི་ལོ་ ༡༩༦༠ ལོར་བོད་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་དབུ་འཁྲིད་ཚོས་གནས་མཆོག་རྡོ་རྗེ་གདན་དུ་ཆིག་བསྒྲིལ་གོང་བུ་གཅིག་གྱུར་བྱེད་རྒྱུའི་མནའ་གན་མཐུ་མོ་ཆེ་བཞག་པ་རེད། སྐབས་དེར་བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཚང་མས་ནང་ཁུལ་འཐེན་འཁྱེར་མེད་པར་རྡོག་རྩ་གཅིག་ཏུ་སྒྲིལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་གཞིར་བཟུང་བོད་རྩ་ལ་ཞབས་ཞུ་དང་རྩ་དོན་རྩོད་ཀྱི་ཡིན་ཞེས་ཞུས་ཡོད་པ་རེད། འོན་ཀྱང་ཉེ་ཆར་ང་ཚོའི་སྤྱི་ཚོགས་ནང་ཆོལ་ཁའི་འཐེན་འཁྱེར་ཤུགས་ཆེ་རུ་འགྲོ་གི་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེས་རྐྱེན་པས་ཉེ་ཆར་བོད་ཟླ་དང་པོ་ཚེས་བཅོ་ལྔའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱིས་ཆོ་འཕྲུལ་དུས་ཆེན་གྱི་ཉིན་མོར་བོད་ཆོལ་ཁ་གསུམ་དམ་ཚིག་འོ་ཆུ་གཅིག་འདྲེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཆོས་བརྒྱུད་ཀྱི་ཆ་ནས་ས་དགེ་བཀའ་རྙིང་བོན་ཇོ་ནང་དང་བཅས་པ་ཚང་མ་དམ་ཚིག་འོ་ཆུ་གཅིག་འདྲེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་ནན་པོ་ཕེབས་ཡོད།
ཕྱོགས་མཚུངས་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་བོད་མི་ནང་ཁུལ་ཆིག་སྒྲིལ་དགོས་རེད། ཅེས་བཀའ་ནན་པོ་ཕེབས་ཡོད། དེ་བཞིན་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཨ་རི་ནིའུ་ཡོག་ཏུ་ཆོལ་ཁའི་འཐེན་འཁྱེར་བྱེད་རྒྱུ་མི་འདུག ང་ཚོ་བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་དགོས་ཀྱི་འདུག་ཅེས་བཀའ་ཕེབས་ཡོད། གཞན་ཡང་བཞུགས་སྒར་རྡ་སའི་ས་གནས་མདོ་སྨད་ལོ་གསར་མཉམ་རོལ་དུས་སྟོན་ཐོག་ཀིརྟི་རིན་པོ་ཆེ་མཆོག་གིས་ཆོལ་ཁའི་འཐེན་འཁྱེར་བྱེད་རྒྱུ་མེད། བོད་མི་ཚང་མ་རྡོག་རྩ་ཆིག་སྒྲིལ་གྱིས་ནུས་པ་མཉམ་དུ་སྤུང་དགོས་ཞེས་བཀའ་སློབ་ཕེབས་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བླ་ཆེན་ཁག་མང་པོ་ཞིག་གིས་ཉེ་ཆར་བཀའ་སློབ་འདི་འདྲ་ཕེབས་ཡོད་སྟབས། བོདང་ཚོའི་སྤྱི་ཚོགས་ནང་ཆོལ་ཁའི་འཐེན་འཁྱེར་བྱེད་རྒྱུ་མེད་པར་རྡོག་རྩ་གཅིག་སྒྲིལ་དགོས་རྒྱུ་ཡིད་ལ་བཅངས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཞེ་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༡༢ ནང་མ་སུ་རི་དང་། དེ་ནས་ཕྱི་ལོ་ ༡༩༦༠ ཟླ་ ༧ ཚེས་ ༡ ཉིན་ཌལ་ཧའོ་སིར་མང་ཚོགས་ལ་བཀའ་སློབ་སྩལ་བའི་ནང་། བོད་མི་རྣམས་ནས་ཆོལ་ཁ་དང་། ལུང་ཚན། རིགས་རུས་སོགས་ཀྱི་འཐེན་ཁྱེར་དང་དབྱེ་བ་མེད་པར་ང་བོད་པ་ཡིན་བསམ་པའི་ཐོག་ནས་བོད་མིའི་འཐབ་རྩོད་ཐོག་མཐུན་བསྒྲིལ་རྡོག་རྩ་ཆིག་སྒྲིལ་དགོས་པའི་བཀའ་ནན་ཕེབས་པ་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ནས་ཀྱང་བོད་པའི་སློབ་གྲྭ་བཙུགས་ཡོད། སློབ་གྲྭ་དེ་དག་གི་ནང་ཆོལ་ཁ་གསུམ་གྱི་སློབ་ཕྲུག་ཡོད། གཞིས་ཆགས་ཁག་གི་ནང་ཆོལ་ཁ་གསུམ་གྱི་བོད་མི་ཡོད། དགོན་སྡེ་ཁག་གི་ནང་ཆོལ་ཁ་གསུམ་གྱི་གྲྭ་བཙུན་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་བོད་མི་ཡོངས་ཀྱི་མངོན་འདོད་གང་རད་ཅེ་ན། ཆོལ་ཁ་དབྱེར་མེད་དང་ཆོས་ལུགས་རིས་མེད། ཕོ་མོ་འདྲ་མཉམ་ཐོག་བོད་མི་ཚང་མ་རྡོག་རྩ་ཆིག་སྒྲིལ་ཐོག་ནས་རྩ་དོན་རྩོད་དགོས་བསམས་པའི་ཐོག་ནས་སྐུ་ལས་བསྐྱོན་ཏེ་འགྲོ་དང་འགྲོ་མུས་རེད། འོན་ཀྱང་ད་རེས་བཙན་བྱོལ་ནང་ཆོལ་ཁའི་འཐེན་འཁྱེར་ཡོང་བ་ལྟར་དེ་སྔའང་བྱུང་ཡོད། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་ནང་གཟིགས་དང་། སྐབས་དེ་དུས་ཆོལ་ཁའི་འཐེན་འཁྱེར་རྐྱེན་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ནན་པོ་ཕེབས་པ་དང་། བཀའ་ཤག་ལའང་སྐུ་ངལ་འཕྲད་དགོས་པ། ༸གོང་ས་མཆོག་ཐུགས་ཕམ་དགོས་པའི་གནས་ཚུལ་ཆགས་ཡོད།
ད་རེས་ཆོལ་ཁའི་འཐེར་འཁྱེར་རྐྱེན་པས་དེ་ལྟར་གནས་ཚུལ་ཆགས་ཏེ་༸གོང་ས་མཆོག་ཐུགས་ཕམ་དགོས་པ། ང་ཚོའི་ཆིག་སྒྲིལ་ལ་དོ་ཕོག་ཆགས་དགོས་པའི་གནས་ཚུལ་ཆགས་པ་ཡིན་ན། དགྲ་དགའ་གཉེན་སྡུག་ཆགས་ཀྱི་རེད། འདི་ཚང་མའི་ཐུགས་ལ་ཉར་རོགས་ཞེས་ང་ཕྱིའི་རྒྱལ་ཁབ་སོགས་ས་གནས་གང་དུ་ཕྱིན་པ་ཡིན་ནའང་ཞུས་དང་ཞུ་མུས་ཡིན།
བཀའ་ཤག་སྐབས་ ༡༤ པའི་ལྟ་གྲུབ་གསུམ་སྟེ། ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་ནང་ནས་ཆིག་སྒྲིལ་ནི། ཆོལ་ཁ་དབྱེར་མེད། ཆོས་ལུགས་རིས་མེད། ཕོ་མོ་འདྲ་མཉམ་བཅས་ཡིན། ཆོལ་ཁའི་འཐེན་འཁྱེན་བྱས་པ་ཡིན་ན། ཆིག་སྒྲིལ་ལ་དོ་ཕོག་འགྲོ་གི་རེད། ངའི་བསམ་པར་ཆོལ་ཁའི་འཐེན་འཁྱེར་ནི་ཐ་མག་ཉལ་ཐ་ནང་བཞིན་རེད་འདུག ཐ་མག་ཉལ་ཐ་རྔུབ་དུས་སྐབས་སུ་སྐྱིད་པོ་འདྲ་ཞིག་ཡོད་ས་རེད། ང་ཚོའི་ཆོལ་ཁ་ནང་བཞིན་བྱེད་དགོས་རེད། ང་ཚོའི་ཆོལ་ཁར་རྒྱབ་སྐྱོར་བྱེད་དགོས། ང་ཚོའི་མི་ལ་རྒྱབ་སྐྱོར་བྱེཝད་དགོས། ང་ཚོ་དབུས་གཙང་ནང་ཁུལ་རྒྱབ་སྐྱོར་བྱེད་དགོས། ང་ཚོ་ཁམས་པ་ནང་ཁུལ་རྒྱབ་སྐྱོར་བྱེད་དགོས། ང་ཚོ་ཨ་མདོ་ནང་ཁུལ་རྒྱབ་སྐྱོར་བྱེད་དགོས། ཞེས་འདི་ལྟར་བཤད་པའི་སྐབས་སུ་ཐ་མག་ཉལ་ཐ་རྔུབ་པ་ནང་བཞིན་སོ་སོར་སྐྱིད་པོ་འདྲ་ཞིག་ཡོད་ས་རེད། འོན་ཀྱང་ཐ་མག་ཉལ་ཐ་དེ་མཐའ་མར་དུག་འགྱུར་གྱི་རེད། དུག་འགྱུར་བ་ཡིན་སོ་སོ་ཙམ་མ་ཟད། ནང་མི་དང་སྤྱི་ཚོགས་ཀྱང་འཕྲོ་བརླག་འགྲོ་གི་རེད། དེར་བརྟེན་བཞུགས་སྒར་རྡ་ས་ཁུལ་དུ་ཡོད་པའི་མི་དམངས་རྣམས་ཐ་མག་ཉལ་ཐ་འདི་སྤོངས་རོགས་གནང་། ཐ་མག་ཉལ་ཐ་འདི་རིགས་མ་འགྲེམ་རོགས་ཞེས་ཞུ་རྒྱུ་ཡིན།
ཆོལ་ཁའི་འཐེན་འཁྱེར་བྱེད་ན། ང་ཚོ་ནང་ཁུལ་ཆིག་སྒྲིལ་ལ་དོ་ཕོག་ཆེན་པོ་འགྲོ་གི་ཡོད་པ་ཧ་ཅང་གསལ་པོ་རེད། ཕྱིའི་དགྲ་དང་ནང་གི་དགྲ་གཉིས་ལས་ནང་གི་དགྲ་དེ་ཉེན་ཁ་ཆེ་བ་ལྟ་བུ་འདུག ཕྱིའི་དགྲ་ཧ་ཅང་གསལ་པོ་རེད། རྒྱ་ནག་གུང་ཁྲན་ཏང་དང་།་དོལ་རྒྱལ་རྗེས་འབྲང་བ་ཚོ་རེད། ནང་གི་དགྲ་ནི་ཆོལ་ཁའི་འཐེན་འཁྱེར་བྱེད་མཁན་ཚོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་འཐུས་མི་སྐུ་ཞབས་ཇོརཇ་ཝེ་ཀར་མཆོག་གིས་གསུང་བཤད་གནང་།
མཐར་བོད་ཀྱི་ཟློས་གར་ཚོགས་པས་བདེན་ཚིག་སྨོན་ལམ་གསུང་བསྐུལ་དང་འབྲེལ་ཚང་མ་སྐུ་བཞེངས་ཐོག་ཕྱག་གཉིས་ཐལ་མོ་སྦྱར་ཏེ་མཉམ་དུ་འུར་འདོན་གནང་སྟེ་གཞུང་འབྲེལ་མཛད་སྒོ་གྲོལ་ཡོད་པ་བཅས། །