༢༠༡༨ ཟླ་ ༣ ཚེས་ ༡༧ རེས་གཟའ་སྤེན་པ།
སྔོན་གླེང་།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འདས་པའི་མི་ལོ་ ༥༩ རིང་རྒྱ་དམར་དྲག་དཔུང་ནས་བོད་ནང་དྲག་གནོན་བཙན་བཟུང་བྱས་པའི་ངན་འབྲས་སུ་བོད་མི་རྣམས་གཞིས་བྱེས་གཉིས་སུ་གྱར་སྡོད་དགོས་པ་དང་། བོད་མིའི་སྲོག་ལས་གཅེས་པའི་ཤེས་རིག་གི་བསྟི་གནས་དགོན་སྡེ་གྲྭ་ཚང་དྲུག་སྟོང་སྐོར་རྩ་གཏོར་གྱིས་རིན་ཐང་བྲལ་བའི་ལྷ་སྐུ་རྟེན་གསུང་དང་། ཡུལ་གྱི་རང་བྱུང་གཏེར་དངོས་ཀྱི་ཐོན་ཁུངས་རྩ་ཆེ་རྣམས་རྒྱ་ནག་ཏུ་འོར་འདྲེན་བྱས་པ། མི་སྤྱོད་ལས་འདས་པའི་གདུག་རྩུབ་མནར་གཅོད་འོག་ཉེས་མེད་བོད་མི་འབུམ་ ༡༢ ཙམ་དུས་མིན་རྐྱེན་འདས་སུ་བཏང་ཁར། བོད་མི་མང་པོ་ཞིག་ལ་མ་ཉེས་ཁག་གཡོག་གིས་ཉེས་མིང་སྣ་ཚོགས་འོག་ད་ལྟའང་བཙོན་འཇུག་དོ་དམ་འོག་གནས་བཞིན་པ་དང་། མདོར་ན། རྒྱ་གཞུང་གིས་དྲག་གནོན་ཁོ་ནའི་སྲིད་བྱུས་ལག་བསྟར་བྱས་པའི་ཉེར་ལེན་ལ་བརྟེན་ནས་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་བོད་ཨ་མདོ་རྔ་བ་ཀིརྟི་དགོན་གྱི་གྲྭ་རང་ལོ་ ༢༧ སོན་པ་བཀྲ་བྷེ་ལགས་ནས་བཟུང་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༨ བར་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་མི་གྲངས་ ༡༤༩ བྱུང་ཡོད་པ་རྣམས་ལ་སྔོན་དུ་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༤ པ་བར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་སྣོལ་འཇོག་ཞུས་ཟིན་ཡོད་པ་དང་། དེའི་རྗེས་སུའང་བོད་མིའི་ཆོས་སྲིད་རང་དབང་གི་དོན་དུ་རང་ལུས་མེར་བསྲེགས་མུ་མཐུད་གཏོང་གནང་མཁན་ (༡༥༠) པ། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༦ ཉིན་བོད་ཁམས་དཀར་མཛེས་ནས་ཡིན་པ་རང་ལོ་ ༦༣ སོན་པ་གྲྭ་བསྟན་དགའ་ལགས་དང་། (༡༥༡) ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༣ ཉིན་བོད་ཨ་མདོ་རྔ་བ་ནས་ཡིན་པ་རང་ལོ་ ༣༠ ཙམ་སོན་པ་དཀོོན་དཔེ་ལགས་དང་། (༡༥༢) ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ ཉིན་བོད་ཨ་མདོ་རྔ་པ་རྨེའུ་རུ་མ་རུ་ཆེན་བཞི་པ་གནམ་མཚོ་སྡེ་པ་ནས་ཡིན་པ་རང་ལོ་ ༤༤ ཡས་མས་ཙམ་སོན་པ་ཚེ་ཁོ་ལགས་བཅས་ནས་རང་ལུས་མེར་བསྲེགས་གནང་སྟེ་ཁོང་རྣམ་གསུམ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་ཁྱོན་གཞིས་ལུས་བོད་མི་སེར་སྐྱ་གྲངས་ ༡༥༢ ཀྱིས་རང་ལུས་མེར་བསྲེགས་གནང་ཡོད། དེ་དག་གི་ཁྲོད་ནས་མི་གྲངས་ ༡༣༠ ཡི་སྐུ་སྲོག་ཤོར་ཡོད་པ་དང་། མི་གྲངས་ ༤ ཡི་སྐུ་གཟུགས་གནས་སྟངས་སྐྱོན་ཅན་ཆགས་ཡོད་པ། འཕྲོས་མི་གྲངས་ ༡༨ ད་ལྟའི་ཆར་འདས་གསོན་གནས་སྟངས་གསལ་པོ་ཆགས་ཐུབ་མེད།
རྒྱ་གཞུང་གིས་བོད་ནང་རང་ལུས་མེར་བསྲེགས་ཀྱི་འབྱུང་རྐྱེན་རྒྱལ་ཁབ་ཕྱི་ལོགས་ཀྱི་ཆབ་སྲིད་དང་ཆོས་ལུགས་ལས་རིགས་ཁག་ནས་ངན་སྐུལ་བྱས་པ་ཡིན་ལུགས་སོགས་མ་རུངས་ཁོག་བཅངས་ཀྱི་དྲིལ་བསྒྲགས་སྣ་ཚོགས་པ་ཞིག་རྒྱ་ནག་ནང་དང་། རྒྱལ་སྤྱིའི་ཐོག་སྤེལ་དང་སྤེལ་བཞིན་པ་མ་ཟད། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེགས་གནང་མཁན་དཔའ་བོ་དཔའ་མོ་དེ་རྣམས་ལ་མཚན་ཤས་ཀྱི་དྲིལ་བསྒྲགས་ལོག་པ་སྤེལ་ཏེ། བོད་ཡུལ་སྟོད་སྨད་བར་གསུམ་ཁྱོན་ཡོངས་སུ་དྲག་པོའི་དམག་གྲབས་འོག་མི་རིགས་དབྱེ་འབྱེད་དང་། དཔལ་འབྱོར་དབྱེ་འབྱེད། ཉེས་མེད་སྐྱོན་འཛུགས། མི་སེར་སྤེལ་ཡུལ། ཁོར་ཡུག་གཏོར་བཤིག་སོགས་མདོར་ན། བོད་རིགས་བོད་སར་གནས་མི་ཐུབ་པ་དང་། བོད་ཡུལ་རྒྱ་ཡུལ་ཅན་དུ་བསྒྱུར་བའི་སྲིད་བྱུས་ཤིག་མངོན་གསལ་དོད་པོས་ལག་བསྟར་བྱེད་བཞིན་ཡོད། བོད་ཀྱི་ས་ཁུལ་འདྲ་མིན་ནང་ཉེས་མེད་ཉེས་འཛུགས་ཀྱིས་བོད་མི་ཇི་ཙམ་བསད་ཡོད་མེད་དང་། འཛིན་བཟུང་བཀག་ཉར། བཙོན་འཇུག་མནར་གཅོད་ཇི་ཙམ་བྱས་དང་བྱེད་བཞིན་ཡོད་མེད་ཀྱི་གནས་ཚུལ་ཆ་ཚང་བ་ཞིག་ཤེས་རྟོགས་མི་ཐུབ་པའི་གནས་སུ་གྱུར་ཡོད། བོད་བསྟན་སྲིད་མི་རིགས་ཀྱི་བདེ་རྩའི་སླད་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་ཁོང་གསུམ་ནི། བོད་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་སུ་ཇི་སྲིད་བསྐལ་པའི་བར་བརྗེད་དཀའ་ཞིང་འོད་སྟོང་འབར་བའི་ལེ་ཚན་ཞིག་ཏུ་གནས་ངེས་པས། མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཅིག་འཇོག་དགོས་དུས་ཀྱི་དགོས་མཁོར་མཐོང་།
གྲོས་ཆོད།
རྒྱལ་གཅེས་པ་ཁོང་རྣམ་གསུམ་གྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་གྱི་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ནང་མི་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱལ་གཅེས་ལྷག་བསམ་ཅན་ཁོང་རྣམ་གསུམ་གྱི་མངོན་འདོད་ལྟར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་གངས་ཅན་ཞིང་དུ་༸ཞབས་སོར་བདེ་བར་འཁོད་ཐུབ་པ་དང་། གཞིས་བྱེས་བོད་མི་ཡོངས་ལ་རང་དབང་བདེ་སྐྱིད་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བའི་མཆོག་གསུམ་༸རྒྱལ་བ་རྒྱ་མཚོར་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ལ།།