༢༠༡༨ ཟླ་ ༣ ཚེས་ ༡༧ རེས་གཟའ་སྤེན་པ།
སྔོན་གླེང་།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཟུར་པ་ཧོར་གཙང་བློ་བཟང་བསྟན་འཛིན་མཆོག་ཕྱི་ལོ་ ༡༩༣༣ ལོར་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་ཧོར་གཙང་ཡར་ཤུལ་སྟོད་དུ་ཡབ་འབྲུག་པ་དང་ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཕྱི་ལོ་ ༡༩༤༦ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་དུ་རབ་ཏུ་བྱུང་སྟེ་སློབ་གཉེར་གནང་། ཕྱི་ལོ་ ༡༩༥༤ དང་ ༡༩༥༧ ལོ་བཅས་སྔ་ཕྱིར་ཐེངས་གཉིས་ལ་ལྷ་སར་ཕེབས་ཏེ་ཚོང་ལས་གཉེར། ཕྱི་ལོ་ ༡༩༥༨ ལོར་ལྷ་སར་བཟའ་ཟླ་བུ་ཕྲུག་མཉེས་ཐང་ར་བ་སྟོད་དུ་བཅོལ་བཞག་གིས་བསྟན་སྲུང་དང་བླངས་དམག་ཁོངས་སུ་ཞུགས། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་རྗེས་སུ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས།
རྗེས་སུ་མི་ས་མ་རིར་འབྱོར་སྐབས་རྒྱ་གར་སྲིད་བློན་ནེ་ཧ་རུ་ཕེབས་བསུར་ཆོལ་ཁ་གསུམ་ནས་འཐུས་མི་རེ་དགོས་པ་བཞིན་དམ་པ་ཁོང་གིས་མདོ་སྨད་དམག་དམངས་ཡོངས་ཀྱི་ཚབ་བྱས་ཏེ་སྲིད་བློན་མཆོག་ལ་མཇལ་དར་ཕུལ་བ་དང་བཅས་འཚམས་ཞུ་གནང་ཡོད།
ཕྱི་ལོ་ ༡༩༦༡ ལོར་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འོག་ཨ་རུ་ན་ཅཱལ་དུ་ལམ་བཟོའི་བཀོད་འདོམས་པར་བསྐོ་གཏོང་གནང་བ་དང་། ཕྱི་ལོ་ ༡༩༦༣ ལོར་རྡོ་རྗེ་གླིང་དུ་མདོ་སྨད་ཆིག་བསྒྲིལ་ཚོགས་པ་གསར་འཛུགས་སྣེ་འཁྲིད་གནང་། ཕྱི་ལོ་ ༡༩༧༦ ལོར་སྐབས་དྲུག་པའི་མདོ་སྨད་སྤྱི་འཐུས་སུ་བདམས་ཐོན་དང་ལས་ཁུར་ཞུས། ཕྱི་ལོ་ ༡༩༨༢ ལོར་མདོ་སྨད་ཚོགས་པའི་སྣེ་འཁྲིད་གནང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་ཕྱིར་བརྟན་བཞུགས་བསྟར་འབུལ་གྱི་འགན་འཁུར་ཞུས། ཕྱི་ལོ་ ༡༩༨༥ ལོར་བོད་ནང་གཉེན་འཕྲད་དུ་ཕེབས་ཏེ་བཙན་བྱོལ་གྱི་གནས་ཚུལ་རྣམས་ཁྱབ་སྤེལ་གནང་། ཕྱི་ལོ་ ༡༩༨༢ ནས་ ༡༩༩༡ བར་མདོ་སྨད་ཆོལ་ཁའི་དབུས་རྒྱུན་ལས་སྐབས་གཉིས་པ་དང་། གསུམ་པ། བཞི་པ་གནང་བ་དང་། ཕྱི་ལོ་ ༡༩༨༩ ལོར་རྡ་རམ་ས་ལའི་རང་བཙན་ཚོགས་ཆུང་གི་ཚོགས་གཙོའི་འགན་བཞེས། ཕྱི་ལོ་ ༡༩༩༠ ལོར་བོད་གཞུང་འདེམས་བསྐོ་ལྷན་ཚོགས་ཀྱི་ཚོགས་མིའི་ལས་འགན་བཞེས། ཕྱི་ལོ་ ༡༩༩༢ ལོར་རྡ་ས་ས་གནས་འཐུས་ཚོགས་སུ་བདམས་ཐོན་བྱུང་བ་ལྟར་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༥ ལོར་ལྡི་ལི་ནས་ལྷ་ས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྣེ་ཁྲིད་གནང་། ཕྱི་ལོ་ ༡༩༩༦ ལོར་རྒྱ་གར་ལྷོ་ཕྱོགས་ནས་བོད་མི་ ༣༠༠ ལྷག་གིས་གོམ་བགྲོད་གནང་སྐབས་སྣེ་ཁྲིད་པའི་འགན་བཞེས། ཕྱི་ལོ་ ༡༩༩༡ ནས་ ༢༠༠༠ བར་མདོ་སྨད་དབུས་རྒྱུན་ལས་སྐབས་དྲུག་པ་དང་། བདུན་པ་བཅས་ཀྱི་ཚོགས་གཙོའི་འགན་འཁུར་གནང་། སླར་ཡང་ཕྱི་ལོ་ ༡༩༩༦ ནས་ ༢༠༠༡ བར་སྐབས་ ༡༢ པའི་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་གྱིས་ལས་ཁུར་གནང་བ་བཅས་མདོར་ན་ཁོང་གི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་དཀའ་བ་དང་དུ་བླངས་ཤིང་ངལ་བ་ཁྱད་དུ་བསད་དེ། ཆེས་གཉན་འཕྲང་ཅན་དང་དཀའ་སྡུག་ཆེ་བའི་དུས་སྐབས་སུ་དབུས་ས་གཉིས་སུ་གཞུང་དང་སྤྱི་ཚོགས་ཀྱི་ལས་དོན་གང་ཅིའི་ཐོག་༸གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཞུས་ཏེ་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཡིན།
གྲོས་ཆོད།
སྐུ་གཤེགས་དམ་པ་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ཚེ་རབས་ཕྲེང་བའི་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས། ཐེག་མཆོག་འཁོར་ལོ་བཞི་ལྡན་གྱི་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པའི་སྨོན་འདུན་དང་། ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ལ།།