༢༠༡༨ ཟླ་ ༣ ཚེས་ ༡༧ རེས་གཟའ་སྤེན་པ།
སྔོན་གླེང་།
༄༅། །རྒྱ་གར་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ནནྜ། ཀི་ཤོར། ཏྲི་ཁཱ་ (Dr.Nand Kishore Trikha) མཆོག་ཡུན་རིང་སྙུན་མནར་གྱིས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༥ ཉིན་དགུང་གྲངས་ ༨༢ ཐོག་ AIIMS སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག དམ་པ་ཁོང་ནི་ཕྱི་ལོ་ ༡༩༣༥ ཟླ་ ༡༡ ཚེས་ ༡༥ ཉིན་སྐུ་འཁྲུངས།
ཕྱི་ལོ་ ༡༩༥༨ ལོར་དགུང་ལོ་ ༢༢ ཐོག་བལ་ཡུལ་ཀཐ་མན་ཌུར་རྒྱ་གར་གསར་འགོད་པའི་ངོ་བོར་ལོ་ཕྱེད་རིང་ཕྱག་ལས་གནང་། དམ་པ་ཁོང་བོད་དོན་ལ་དོ་སྣང་ཐོག་མར་ཕྱི་ལོ་ ༡༩༦༢ ལོ་ནས་བཟུང་འགོ་བཙུགས་བྱུང་འདུག
ཕྱི་ལོ་ ༡༩༦༣ ནས་ ༡༩༩༢ བར་དུས་ཡུན་ལོ་གྲངས་ ༢༩ རིང་རྒྱ་གར་གྱི་གནད་ཡོད་ཚགས་ཤོག་མང་དག་ཅིག་གི་རྩོམ་སྒྲིག་པའི་འགན་ཁུར་ཞུས་ཡོད་ལ། ད་བར་རྒྱ་གར་ནང་ཚགས་ཤོག་གྲགས་ཅན་མང་དག་ཅིག་ནང་དམ་པ་ཁོང་གི་དཔྱད་རྩོམ་ ༦༥༠༠ ལྷག་འདོན་སྤེལ་གནང་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༢༠༠༢ ནས་ཕྱི་ལོ་ ༢༠༡༥ བར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གནང་བ་དང་། བོད་དོན་སྐོར་གྱི་ཚོགས་འདུ་ནམ་ཚོགས་སྐབས་སྐུ་ཁམས་བདེ་མིན་ལ་མ་ལྟོས་པར་ངལ་བ་ཁྱད་བསད་ཐོག་ནས་བཅར་བཞིན་ཡོད། མདོར་ན་རྒྱ་གར་དབུས་ས་གཉིས་ནས་དམ་པ་ཁོང་གི་སྐུ་ཚེ་ཧྲིལ་པོ་སྤྱི་སེམས་སྤྱི་བོར་བཞེས་གནང་མཁན་གྱི་རླབས་ཆེན་གྱི་མི་སྣ་ཞིག་ལ་ངོས་འཛིན་གནང་བ་མ་ཟད་ཆེས་མཐོའི་གཟེངས་རྟགས་ Patrakarita Bhushan གཙོས་དེ་མིན་གྱི་གཟེངས་རྟགས་མང་པོ་ཞིག་འབུལ་བཞེས་བྱུང་ཡོད་འདུག
བོད་མིར་མཚོན་ན་དུས་ཡུན་རིང་པོ་ཞིག་ནས་འགྲོགས་འདྲིས་མཐུན་གཤིབ་ཆེ་ལ། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་བཀུར་དང་ཐུགས་གཤིན་མཛའ་འབྲེལ་ཤིན་ཏུ་ཟབ་ཅིང་། དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོའི་རིང་འཚེ་མེད་ཞི་བ་དང་དྲང་བདེན་གྱི་ལྟ་གྲུབ་ལ་གཞི་རྩར་བཟུང་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་ཁ་ཞེ་གཉིས་མེད་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་བཅས་ལ་ཐུགས་འཁུར་ཆེ་བཞེས་གནང་མཁན་གྱི་མི་སྣ་གལ་ཆེ་ཞིག་ཡིན། འོན་ཀྱང་དམ་པ་ཁོང་སྐུ་འཚོ་བཞུགས་མེད་ཀྱང་ཁོང་གི་དྲང་བདེན་གྱི་མེ་ལྕེ་དེ་ང་ཚོས་མུ་མཐུད་ལག་ཏུ་བཟུང་ནས་འཐབ་རྩོད་རྒྱུན་སྐྱོང་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ལྷག་པར་དམ་པ་ཁོང་གིས་སྐུ་ལས་བསྐྱོན་པར་བརྟེན་རྒྱ་གར་མང་ཚོགས་དཀྱུས་མའི་ཁྲོད་བོད་དོན་གོ་རྟོགས་སྔར་བས་ཆེ་རུ་སོང་བ་དང་། བོད་དོན་ལ་རྒྱབ་སྐྱོར་སྔར་བས་ཆེ་བ་ཐོབ་ཡོད། བོད་མིའི་རང་དབང་འཐབ་རྩོད་ལ་ཐུགས་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་བོད་མིའི་གྲོགས་པོ་བློས་ཐུབ་ཅིག་འདས་གྲོངས་སུ་སོང་བར་བློ་ཕམ་དང་། མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཅིག་འཇོག་དགོས་དུས་ཀྱི་དགོས་མཁོར་མཐོང་།
གྲོས་ཆོད།
སྐུ་གཤེགས་དམ་པ་དེ་ཉིད་ཀྱི་རྨད་བྱུང་མཛད་རྗེས་ལ་གུས་བཀུར་ཆེ་བསྟོད་དང་འབྲེལ་བའི་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་སྐུ་ཚེ་མ་ཟིན་པ་འདིས་བོད་དོན་འཐབ་རྩོད་ལའང་གྱོང་གུད་གོད་ཆག་བྱུང་བར་བརྟེན་ཤུལ་བཞུགས་ནང་མི་ལྟོས་བཅས་རྣམས་ལ་འདི་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་ཁོང་གི་ཕུགས་འདུན་བཟང་པོ་རྣམས་ཡོངས་སུ་འགྲུབ་ཅིང་། བྱས་བསགས་ཉེས་ལྟུང་མཐའ་དག་བྱང་ཞིང་དག་ནས་བདེ་ནས་བདེ་བར་བགྲོད་པའི་སྨོན་ལམ་ཤུགས་དྲག་ཏུ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ལ།།