༢༠༡༨ ཟླ་ ༣ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༠ ཉིན་གཙུག་ལག་ཁང་དུ་གཞུང་འབྲེལ་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་གྲུབ་པའི་རྗེས་རྡ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཐུན་མོང་ཐོག་མེག་གྷན་ནས་རྡ་ཤོད་ཉེན་རྟོག་ཐང་ཆེན་གྱི་ཉེ་འདབས་སུ་ཡོད་པའི་རྩེད་ཐང་ཞིག་གི་བར་ཞི་བའི་གོམ་བགྲོད་དང་། མི་མང་འདུ་འཛོམས་ཀྱིས་མཛད་སྒོ་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་རྡ་སའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་སུ་བ་ཤ་ནེ་རེ་ཡ་ (Subhash Nehria) ལགས་ཕེབས་གནང་ཡོད་པ་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དེ་མིན་ས་གནས་མི་མང་དང་སློབ་ཕྲུག་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དང་གསུམ་ཅུའི་དྲན་གླུ་བཏང་གནང་ཡོད། དེ་ནས་བོད་ཀྱི་འཐབ་རྩོད་སླད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་རིང་ཞུས་རྗེས། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱིས་གསུང་བཤད་གནང་ཡོད་པ་དང་།
དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཧིན་སྐད་ཐོག་གསུང་བཤད་གནང་དོན། དེ་རིང་གི་ཉིན་མོ་སྟེ་གསུམ་བཅུའི་དུས་དྲན་ཐེངས་ ༥༩ ཡིན་པས། འཛམ་གླིང་ས་ཕྱོགས་གང་སར་ བོད་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམ་པས་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་པ་མཁྱེན་གསལ་རེད། འདས་པའི་ལོ་ངོ་ ༥༩ ནང་བོད་ཕྱི་ནང་གཉིས་སུ་ཆབ་སྲིད་ཀྱི་ལས་འགུལ་སྣ་མང་སྤེལ་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་དཔོན་རིགས་ཚོས་བོད་ནང་ཡོད་པའི་གཞིས་ལུས་སྤུན་ཟླ་རྣམས་ལ་སྡུག་སྦྱོང་མནར་གཅོད་ཇི་ཙམ་བཏང་དང་གཏོང་མུས་ཡིན་ཡང་བོད་མི་རྣམས་ཀྱིས་སེམས་ཤུགས་མི་ཆག་པར་རང་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཆེད་མུ་མཐུད་ཞི་རྒོལ་བྱེད་བཞིན་ཡོད། ལྷག་པར་དུ་བོད་ནང་ཕྱི་ལོ་ ༡༩༨༧ དང་། ༡༩༨༩ དེ་བཞིན་ ༢༠༠༨ ལོ་བཅས་ལ་ཞི་རྒོལ་ཆེན་པོ་གནང་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༥༢ ཡིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་སྐུ་ལུས་མེར་བསྲེགས་བཏང་གནང་ཡོད། རྒྱ་ནག་གཞུང་གི་ཇི་ཙམ་དམ་དྲག་ཆེ་རུ་བཏང་ཡང་བོད་མིའི་སྙིང་སྟོབས་ལ་འགྱུར་བ་མེད་པར་གནས་ཡོད་ཅེས་དང་། དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་ཐོག་ལ་གསུང་བཤད་གནང་དོན། ཕྱི་ལོ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་དབར་དམག་འཁྲུག་བྱུང་ཡོད་པ་མ་ཟད། དུས་ད་ལྟའང་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ལ་དཀའ་རྙོག་བཟོ་བཞིན་ཡོད། ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་རྒྱ་དཀར་ནག་གི་ས་འཚམས་གནད་དོན་ནམ་ཡང་གསལ་གྱི་མ་རེད་ཅེས་དང་།
ལྷག་པར་བོད་དང་རྒྱ་གར་དབར་ཆོས་དང་རིག་གཞུང། སྐད་ཡིག གོམས་སྲོལ། ཁོར་ཡུག ས་མཚམས་སོགས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པ་དེ་ང་ཚོས་མ་བརྗེད་པ་བྱེད་དགོས་པ་དང་། ད་ལྟ་བར་རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ཐད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག་འབྱུང་འགྱུར་མུ་མཐུད་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་ཡོད་པ་བཅས་ཀྱི་གསུང་བཤད་གནང་ཡོད། ཕྱོགས་མཚུངས་སྐུ་མགྲོན་གཙོ་བོ་སུ་བ་ཤི་ནེ་རེ་ཡ་ལགས་ཀྱིས་གསུང་བཤད་གནང་ཡོད། དེ་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གཞི་རིམ་མང་ཚོགས་ཀྱི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་མཇུག་སྒྲིལ་གནང་ཡོད།།