༢༠༡༨ ཟླ་ ༣ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༢ ཉིན་རྡ་ས་བཞུགས་གར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་ ༣༣ དབུ་འཛུགས་མཛད་ཡོད། དེ་ཡང་ཐེངས་འདིར་བགྲོ་གླེང་ལྷན་ཚོགས་སྐོར་༸སྐུའི་གསུང་སྒྱུར་གླང་རི་བ་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ངོ་སྤྲོད་གནང་དོན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཐེངས་འདིའི་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་ ༣༣ དེ་འཁེལ་གྱི་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་མང་པོ་ཞིག་གི་རིང་གཞི་རྩའི་བླང་དོར་དང་བཟང་སྤྱོད་སྤེལ་རྒྱུའི་སྐོར་ཕྱག་དེབ་ཆེན་པོ་གཉིས་བཀའ་རྩོམ་མཛད་ཡོད།
རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་བཞེས་སྟངས་གཙོ་བོ་ནི། སྤྱིར་དེ་སྔ་ལོ་རྒྱུས་ཐོག་བཟང་སྤྱོད་སྤེལ་བའི་སྐབས་སུ་སྙིང་རྗེ་དང་གཞན་ཕན་སོགས་ཀྱི་བསླབ་བྱ་ཆོས་ཀྱི་ཐོག་ནས་རྒྱག་གི་ཡོད། འོན་ཀྱང་ཆོས་ལུགས་ཐོག་ནས་གཞན་ཕན་དང་བཟང་སྤྱོད་སྤེལ་རྒྱུ་ནི་ཆོས་དད་ཡོད་མཁན་ལ་མ་གཏོགས་ཧ་ཅང་ཤུགས་རྐྱེན་འཐེབ་ཀྱི་མེད། ད་ལྟ་གོ་ལ་གཅིག་གྱུར་གྱི་དུས་ཚོད་སྐབས་འདིར་ཆོས་དད་བྱེ་བྲག་པ་ཞིག་ལ་དམིགས་བསལ་ལྟོས་མི་དགོས་པའི་ཐོག་ནས་བཟང་སྤྱོད་སྤེལ་སྟངས་ཀྱི་ཐབས་ལམ་ཞིག་ཏན་ཏན་ཡོང་དགོས་ཀྱི་རེད། ཅེས་དང་།
ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལ་འགྲོ་བ་མི་སོ་སོའི་སྐད་ཡིག་དང་། མི་རིགས། ཆོས་དད་འདྲ་མིན་གྱི་ཁྱད་པར་ཡོད་མིན་གང་ལྟར་ཡང་གཞི་རྩའི་འགྲོ་བ་མི་རིགས་ཚང་མ་གཅིག་གྱུར་རེད། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་གྱུར་ཡིན་པར་བརྟེན། མི་ཚེ་སྐྱེལ་བའི་སྐབས་སུ་རྩ་བའི་དམིགས་ཡུལ་ལ་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་རྒྱུའི་ཐབས་ལམ་ཐོག་འགྲོ་སྐབས་གཞིའི་གནས་ཚུལ་སྟེང་སླེབ་བཞིན་ཡོད། དེའི་ཐོག་ནས་མི་ཚང་མ་རང་བཞིན་གཅིག་གྱུར་ཡིན་སྟབས། རང་བཞིན་གཅིག་གྱུར་གྱི་གནས་བབ་དེའི་འོག་ནས་བཟང་སྤྱོད་སྤེལ་རྒྱུའི་ཐབས་ལམ་ཞིག་ཏན་ཏན་ཡོད་དགོས་ཀྱི་རེད། གང་ལྟར་སོ་སོའི་བདེ་སྐྱིད་ཐོག་བཤད་པ་ཡིན་ནའང་སེམས་པ་བཟང་པོ་བྱས་པ་དེ་འདྲའི་ཐོག་ནས་མི་ཚེ་སྐྱིད་པ་ཡོང་བ་དང་། བཟའ་ཚང་མཐུན་པོ་ཡོང་བ། ཕྲུ་གུ་གསོ་སྐྱོང་ལའང་ཁྱད་པར་ཡོད་པ། སྤྱི་ཚོགས་ལ་ཁྱད་པར་འགྲོ་གི་ཡོད་པ་ང་ཚོ་རྣམ་དཔྱོད་བེད་སྤྱོད་བྱེད་པ་ཡིན་ན་མི་དཀྱུས་མའི་ཉམས་མྱོང་ཐོག་ནས་བཤད་ཐུབ་ཀྱི་ཡོད་སྟབས། འདི་སྤེལ་རྒྱུའི་ཐབས་ལམ་དགོས་ཀྱི་འདུག
འོན་ཀྱང་དེ་སྔ་ཡིན་ན་བཟང་སྤྱོད་ཚང་མ་ཆོས་ཀྱི་ལྟ་བར་གཞི་ལ་བཞག་ནས་དཔེར་ན། ནང་པ་ཡིན་ན་ལས་རྒྱུ་འབྲས་ཀྱི་སྐད་ཆ་བཤད་ཀྱི་རེད། འཇིག་རྟེན་བྱེད་པ་པོ་དཀོན་མཆོག་ཁས་ལེན་མཁན་ཡིན་ན། དཀོན་མཆོག་གིས་བཀའ་དང་འགལ་མིན་དང་། བཟང་ངན་གྱི་ཐིག་རྒྱག་མཁན་དཀོན་མཆོག་གིས་ཐིག་བརྒྱབ། དཀོན་མཆོག་གིས་བརྒྱབ་པའི་ཐིག་གི་ར་བའི་ཕྱི་ལ་སྡོད་པ་ཡིན་ན་ངན་པའི་བྱ་བ་དང་། དཀོན་མཆོག་གིས་བརྒྱབ་པའི་ཐིག་གི་ར་བའི་ནང་སྡོད་པ་ཡིན་ན་བཟང་པོའི་བྱ་བ་ཞེས་བཤད། འོན་ཀྱང་གོ་ལ་གཅིག་གྱུར་འདུ་ཤེས་འོག་ནས་ཆོས་ཁས་ལེན་མིན་ཚང་མར་སྙོབ་ཐུབ་པ་ཞིག་དགོས་སྟབས་ཆོས་ལུགས་ལ་གཞི་བཅོལ་བ་ཡིན་ན་དགེ་སྡིག་གི་སྐད་ཆ་བཤད་ས་མེད་པར་བརྟེན་ཆོས་དད་འཁྱེར་མི་ཡོང་བ་ཞིག་དགོས། དེ་ན་གང་འདྲ་བྱེད་དགོས་སམ། འགྲོ་བ་མི་གཅིག་གྱུར་གྱི་ཉམས་མྱོང་གཅིག་གྱུར་དང་རྣམ་དཔྱོད་བེད་སྤྱོད་བྱེད་རྒྱུ་ཡོད་པ། ལྷག་པར་ཚན་རིག་ཐོག་ནས་གྲུབ་དོན་རྙེད་པ་དེ་འདྲའི་ཐོག་ནས་གསལ་བཤད་བྱས་ན་ཐབས་ཤེས་ཡོད་པ་རེད། ཅེས་བཀའ་གནང་གི་ཡོད་རེད།
གང་ལྟར་དེ་འདྲའི་ཐོག་ནས་སེམས་དང་སྲོག་གི་ཚོགས་པ་ནང་ཚོགས་མི་ཚན་རིག་པ་སྟོང་ཕྲག་འགའ་ཤས་ཡོད་པ་རེད། ཁོང་ཚོ་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས། དེ་བཞིན་ཤེས་ཡོན་མཁས་པ་དང་དགེ་རྒན། སློབ་གྲྭ་ཁག་མང་པོ་ཞིག་གི་ནང་འདིའི་སྐོར་བསམ་བློ་ཤུགས་ཆེན་པོ་སླེབ་ཀྱི་ཡོད་རེད། ལྷག་པར་ནུབ་ཕྱོགས་སྤྱི་ཚོགས་ནང་ཆ་བཞག་པ་ཡིན་ན། ཆོས་དང་སྲིད་ཀྱི་དབྱེ་འབྱེད་བཏང་ནས་སོ་སོའི་ཆོས་ལུགས་གང་ཡིན་ནའང་སྤྱི་པའི་ས་ཆའི་སྟེང་ཆོས་དང་མ་འབྲེལ་བའི་ཐོག་ནས་དཔྱད་པ་བྱ་རྒྱུ་ཞིག་བཙལ་འདོན་བྱེད་ཀྱི་ཡོད་སྟབས། ༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་པ་བཞེས་སྟངས་དེ་ཁོང་ཚོར་འཇུག་པོ་དང་། དེ་འདྲའི་ཐོག་ནས་ཐབས་ལམ་ལག་ལེན་མང་པོ་སྤེལ་ཡོད།
ད་རེས་ཚོགས་འདུ་འདི་དམིགས་བསལ་གང་རེད་ཅེ་ན། སེམས་དང་སྲོག་གི་ཚོགས་པའི་ངོས་ནས་དམིགས་བསལ་སྡིངས་ཆ་ཞིག་བཟོས་ཏེ་སྡིངས་ཆ་འདིའི་སྟེང་ཚན་རིག་པས་ད་བར་ཀླད་རྩའི་ཚན་རིག་ཐོག་ནས་ཞིབ་འཇུག་བྱེད་མཁན་དང་། ཕྲུ་གུར་བཟང་སྤྱོད་སློབ་དགོས་ཀྱི་ཡོད་ན། བཟང་སྤྱོད་སློབ་རྒྱུའི་ཆ་རྐྱེན་ལོ་ག་ཚོད་ནས་འགོ་འཛུགས་ཀྱི་ཡོད་པ་རེད། ཕྲུ་གུའི་གཤིས་ཀར་ཁྱད་པར་ཡོང་རྒྱུ་ལོ་ག་ཚོད་ནས་ཡོང་གི་ཡོད་པ་རེད། ཕྲུ་གུ་ཆུང་ངུ་ལ་བསླབ་པ་ཡིན་ན་སློབ་རྒྱུའི་ཐབས་ལམ་གང་ཡོད། དྲན་པ་བསྟེན་སྟངས་དང་སྟངས་འཛིན་བྱ་རྒྱུའི་ནུས་པ་དེ་ཚོ་ག་དུས་ཡོང་མི་ཡོང་། ཀླད་རྩའི་ཚན་རིག་ཐོག་ནས་འགྲེལ་བཤད་བརྒྱབ་ Child Developmental physiology ཟེར་དུས་བྱིས་པ་འཚར་ལོངས་སྐོར་དམིགས་བསལ་དཔྱད་པ་བྱེད་མཁན་བསམ་བློའི་ཚན་རིག་སྡེ་ཚན་ལོགས་སུ་ཡོད་པ་རེད།
འདས་པའི་ལོ་མང་པོའི་རིང་ཞིབ་འཇུག་བྱས་ཏེ་ཕྲུ་གུ་ལོ་དེ་ཙམ་སླེབ་པ་ཡིན་ན། བློའི་ནུས་པ་དེ་ཙམ་སྐྱེ་ཡོང་གི་རེད། ཅེས་ཚན་རིག་ཐོག་ནས་ཞིབ་འཇུག་བྱས་ཡོད་སྟབས། ཚན་རིག་པ་དེ་དག་སྐད་གཏང་། དེ་བཞིན་ནང་པའི་མཁས་པ་དཔེར་ན་ནང་པའི་གཞུང་ནས་བློ་སྦྱོང་རྒྱུའི་ཐབས་ལམ་མང་པོ་གསུངས་ཡོད། བློ་སྦྱོང་རྒྱུའི་ཐབས་ལམ་གསུང་སྐབས་ཡིད་ལ་བྱེད་པ། བློ་ཡུལ་ལ་འཇུག་སྟངས། ཡིད་ལ་བྱེད་པའི་བློ་དམིགས་པ་གཅིག་ལ་ལྟ་སྟངས། དམིགས་པ་དེ་དྲན་པས་འཛིན་སྟངས། དྲན་པ་བཟུང་བ་དེ་དྲན་པ་མ་ཉམས་པའི་ཐབས་ཤེས་ལ་ཤེས་བཞིན་གྱིས་བྱ་ར་བྱེད་སྟངས། ནང་པའི་གཞུང་ནས་བློ་སྦྱོང་རྒྱུའི་ཐབས་ཤེས་གཏིང་ཟབ་པོ་ཡོད་པ་རེད། ལྷག་པར་སྤྱོད་འཇུག་ནང་ཤེས་བཞིན་གསུང་པའི་ལེའུ་ཞེས་ལེའུ་ལྔ་ལོགས་སུ་ཡོད།
དེ་འདྲའི་ཐོག་ནས་ནང་པའི་ནང་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཡང་ཡང་བཀའ་གནང་གི་ཡོད་རེད། སེམས་ཁམས་རིགས་པ་དང་བློ་སྦྱོང་རྒྱུའི་སྒང་སླེབ་ཡོང་དུས་རྒྱ་གར་གྱི་རིག་གཞུང་སྤྱི་དང་། ལྷག་པར་ནང་པའི་གཞུང་ནང་དཔྱད་པ་གཏིང་ཟབ་ཡོད་སྟབས་ནང་པའི་མཁས་པ་ཚོ་དང་། ༸སྐྱབས་མགོན་རིན་པོ་ཆེ་མཆོག་དབུས་བཞུགས་ཐོག་ད་རེས་དམིགས་བསལ་གང་ཡོད་ཅེ་ན། སློབ་གྲྭ་ནང་འདི་འདྲའི་སློབ་སྦྱོང་བསླབ་རྒྱུའི་ཉམས་མྱོང་ཡོད་མཁན་ཁ་ཤས་གཏམ་བཤད་བྱེད་རྒྱུའི་སླད་སྐད་བཏང་ཡོད། ཁོ་རང་ཚོ་འདས་པའི་ལོ་བཅུའི་ནང་སློབ་ཚན་འདི་རིགས་སློབ་པའི་སྐབས་ཚགས་ཚུད་པ་གང་དུ་ཡོང་གི་འདུག འགོག་རྐྱེན་གང་ནས་འཕྲད་ཀྱི་འདུག ཕྲུ་གུའི་བློ་ལ་འཇུག་པོ་ཇི་ཙམ་འདུག སློབ་སྦྱོང་འདི་རིགས་སློབ་པའི་སྐབས་ཚགས་ཚུད་པོ་ཡོང་བར་ཆ་རྐྱེན་གང་ཚང་དགོས་ཀྱི་འདུག
སློབ་གྲྭའི་དགེ་རྒན་དང་དབུ་འཛིན། ཕ་མའི་ཁོར་ཡུག་བཅས་ཀྱི་ཐོག་ནས་ཆ་རྐྱེན་གང་ཚང་དགོས་ཀྱི་འདུག་དེ་དག་ཐོག་འདས་པའི་ལོ་བཅུ་གྲངས་ནང་སློབ་རྒྱུ་འགོ་བཙུགས་པའི་ཉམས་མྱོང་ཡོད་མཁན། ད་རེས་དམིགས་བསལ་བསླབ་གཞི་ curriculum ཁག་གཉིས་ཡོད་པ་དེ་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོང་བཞེད་དང་། གཞི་མའི་བླང་དོར་སྐོར་བཀའ་གནང་བ་དེ་རྩ་བར་བཞག་ནས་ཆེད་མངགས་བཟོས་པའི་སློབ་ཚན་རེད། ཨེ་མོ་རི་མཐོ་སློབ་ཐོག་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་དབུས་བཞུགས་གནང་སྟེ་བཟོ་རྒྱུའི་ཐབས་ལམ་ཞིག་སྤེལ་གནང་གི་ཡོད་པ་རེད། དེ་བཞིན་ངའི་བཟླས་ལག་ལེན་བསྟར་ཏེ་ལོ་བཅུ་ལྷག་འགྲོ་གི་ཡོད། བསླབ་གཞི་རྩ་འཛིན་འདིའི་ཐོག་ནས་བཟང་སྤྱོད་སློབ་རྒྱུའི་ཐབས་ཤེས་ཤིག་ཡོད་པ་རེད།
ད་ལམ་འདི་གཉིས་ཚུར་སྐད་བཏང་ནས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ལ་སྤྱན་འབུལ་ཞུས་ཏེ་འདིའི་ནང་མ་འདང་བ་གང་འདུག སྣོན་དགོས་པ་གང་འདུག་དེ་དག་ཐོག་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་རྒྱུའི་གོ་སྐབས་ཡོད་པ་དང་། ཚན་རིག་པ་ཚོ་ལའང་ཕར་སྐད་ཆ་དྲིས་ནས་ང་ཚོས་ཕྲུ་གུ་ཚོ་ལ་འདི་འདྲ་སློབ་ཀྱི་ཡོད། འདི་འདྲ་སློབ་པའི་སྐབས་སུ་ཕྲུ་གུ་ལོ་འདི་འདྲ་ཞིག་དང་བསྟུན་པ་ཡིན་ན། ཕྲུ་གུ་ལོ་དེ་ཙམ་ཞིག་གིས་འདི་རིགས་བྱེད་ཐུབ་ཀྱི་རེད་དམ། ཞེས་ཚན་རིག་པ་ཚོ་ལ་ཕར་སྐད་ཆ་འདྲི། ཚན་རིག་པ་ངོས་ནས་ཀྱང་ཚུར་དགེ་རྒན་རྣམས་ལ་ཁྱེད་རང་གོ་རིམ་འདི་ལྟར་སློབ་ཀྱི་འདུག གོ་རིམ་འདི་ལྟར་སློབ་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ཉམས་མྱོང་ཐོག་ནས་གང་དང་གང་མཐོང་གི་འདུག ཅེས་དེ་ལྟར་ཚན་རིག་པ་དང་། དགེ་རྒན། ཤེས་ཡོན་ཐོག་ཞིབ་འཇུག་བྱེད་མཁན་ Education Researcher དང་། ༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་འདས་པའི་ལོ་མང་རིང་ནས་འདིའི་ཐོག་བཀའ་གནང་གི་ཡོད་སྟབས་ད་རེས་སེམས་དང་སྲོག་གི་ཚོགས་པ་ཐོག་ནས་དམིགས་བསལ་སྡིངས་ཆ་འབུལ་ཏེ་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཐུགས་བཞེད་གཏིང་ཟབ་པོ་སྒྲུབ་ཐུབ་རྒྱུ་དང་། འཆར་གཞི་ལྡན་པའི་ཐོག་ནས་སྒྲུབ་རྒྱུའི་དམིགས་ཡུལ་དང་རེ་བ་ཉིན་མ་ལྔའི་རིང་ཕན་ཚུན་གྲོས་སྡུར་བྱེད་རྒྱུ་དང་། བསམ་ཚུལ་སྡུར་རྒྱུ། ཕན་ཚུན་གཅིག་གིས་གཅིག་ལ་བློ་སྐྱེད་ལེན་རྒྱུ། འདིའི་ཐོག་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དམིགས་བསལ་གཏམ་བཤད་བྱེད་མཁན་རེ་རེའི་མཇུག་ཏུ་དགོངས་པ་འཁོར་སྲིད་པ་རེད། དེ་འདྲའི་ཐོག་ནས་འདྲི་ག་རེ་བྱས་ནས་བྱེད་ཀྱི་ཡོད། འདིར་གཅིག་འདང་གི་མི་འདུག དེ་ལ་ཚན་རིག་ཐོག་ནས་བཤད་པ་གང་རྒྱག་རྒྱུ་ཡོད། ཅེས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་མར་བཀའ་གནང་རྒྱུ་ཡོད་པ་ཞིག་དང་། ལྷག་པར་བློ་སྦྱོང་རྒྱུའི་ཐབས་ཤེས་ལ་༸སྐྱབས་མགོན་རིན་པོ་ཆེ་མཆོག་རང་གིས་འདིའི་ཐོག་དམིགས་བསལ་སློབ་སྟོན་གནང་དགོས་རྒྱུ་དང་། ཕྲུ་གུར་སྙིང་རྗེ་སློབ་དགོས་ཞེས་བཀའ་གནང་གི་ཡོད། གལ་ཏེ་སྙིང་རྗེ་སློབ་པ་ཡིན་ན། ཚད་གང་འདྲ་ཞིག་གི་ཐོག་ནས་སློབ་དགོས་མིན་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་རྒྱུའི་གོ་སྐབས་བྱུང་བ་ད་རེས་གཙོ་བོ་ཚན་རིག་གི་ཚོགས་ཡིན་ཡང་དམིགས་ཡུལ་ནི་ཤེས་ཡོན་དང་། ཤེས་ཡོན་དེ་ཡང་ཤེས་ཡོན་ཙམ་པ་མིན་པར་བཟང་སྤྱོད་སློབ་རྒྱུའི་ཤེས་ཡོན་ཐབས་ལམ་ཐོག་ཚོགས་འདུ་རེད།
དགའ་ལྡན་ཕོ་བྲང་ངོས་ནས་ད་རེས་ཞི་མོས་བླང་དོར་ཐོག་གང་ལྟར་ Secular ethics ཟེར་དུས་ཆོས་མེད་པའི་བཟང་སྤྱོད་ཟེར་རྒྱུ་དེ་ཚོའི་གྲས་འདྲ་མིན་སྣ་ཚོགས་སྒྱུར་གྱི་འདུག ངའི་བསམ་པར་ཞི་མོས་བཟང་སྤྱོད་ཟེར་ན་ཡག་པ་ཡོད། གཞིའི་གནས་སྐབས་ཚང་མ་སྤྱི་ཁྱབ་ཀྱི་བསམ་བློ་གཏོང་གི་ཡོད། secular བརྗོད་དུས་ཨིན་ཇིའི་ནང་དགག་སྒྲ་སླེབ་ཀྱི་མེད་ནའང་བོད་སྐད་ནང་སྒྱུར་དུས་ཆོད་དད་ལ་མ་ལྟོས་པ་དང་། ཆོས་ལུགས་ལ་མ་འབྲེལ་བ་ཟེར་དུས་དགག་སྒྲ་ཞིག་སླེབ་ཡོང་གི་འདུག དགག་སྒྲ་སླེབ་དུས་འགའ་ཤས་གོ་ནོར་བྱུང་སྟེ་འདི་ཆོས་མི་དགོས་ཟེར་བ་ལྟ་བུ་གོ་བ་དེ་འདྲ་མ་རེད། ༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་པ་གང་བཞེས་ཀྱི་ཡོད་དམ་ཞེ་ན། ཆོས་དད་ཐོག་ནས་བཟང་སྤྱོད་སློབ་རྒྱུ་ཆོས་ལུགས་སོ་སོའི་ཐོག་བྱེད་བཞིན་ཡོད།
འོན་ཀྱང་རྩ་བའི་གཞི་གཅིག་གི་ཐོག་འབབ་པ་ཡིན་ན། རྩ་བའི་འགྲོ་བ་མིའི་འགྲོ་དོན་སྒྲུབ་རྒྱུའི་ཆེད་དུ་ལེགས་ཉེས་བླངས་དོར་དང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རང་ཆས་སུ་ཡོད་སྟབས། བདེ་བ་སྒྲུབ་པའི་ཐབས་ལམ་གྱི་ཆ་ཤས་དེ་དག་བཟང་པོའི་ཕྱོགས་དུ་བཞག སྡུག་བསྔལ་ཡོང་རྒྱུའི་རྐྱེན་དེ་ངན་པའི་ཕྱོགས་སུ་བཞག་པའི་ལེགས་ཉེས་དབྱེ་འབྱེད་འདི་ཆོས་ལ་དམིགས་བསལ་ལྟོས་དགོས་དོན་མེད་པའི་བཀའ་གནང་གི་ཡོད་པ་རེད།
འདིའི་ཐོག་ལས་ཀ་བྱེད་མཁན་རྒྱ་གར་ནང་གང་ཙམ་ཡོད་པ་རེད། དཔེར་ན། ཨེ་མོ་རི་བརྒྱུད་ནས་ཟབ་སྦྱོང་གང་ཙམ་ཕུལ་ཡོད། དེ་བཞིན་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་རྒྱ་གར་སྤྱི་ཚོགས་ནང་ Ethics of restraint ༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཕྱག་དེབ་ Beyond Religion རྩ་བར་བཞག་སྟེ་མི་རྒན་པ་ཚོར་སློབ་གནང་གི་འདུག ཚུལ་ཁྲིམས་རྣམ་པ་གསུམ་སྟེ་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དེ་དག་དམིགས་བསལ་བསླབ་གཞི་ curriculum བཟོས་ནས་འཁྲིད་གནང་གི་ཡོད་པ་རེད། ཊ་ཊ་སྤྱི་ཚོགས་ཚན་རིག་སྦྱོང་བརྡར་བསྟི་གནས་ཁང་ Tata Institute of Social Science སོགས་རྒྱ་གར་ནང་ལས་འགུལ་འདྲ་མིན་མང་པོ་སྤེལ་ཡོད་པ་དེ་དག་ཚང་མ་དགའ་ལྡན་ཕོ་བྲང་ནས་གནང་ཡོད།
སེམས་དང་སྲོག་གི་ཚོགས་པའི་ངོས་ནས་ཕྱི་རྒྱལ་ནས་ཚུར་གཏམ་བཤད་བྱེད་མཁན་ཁོངས་ Social and emotional learning ལོ་ཉི་ཤུ་རྩ་གྲངས་གོང་ཐོག་མར་ལག་ལེན་སྤེལ་མཁན་མེས་པོ་དེ་དག་འདིའི་ནང་སླེབ་ཡོད། ལྷག་པར་ཁོང་རྣམ་པ་མང་ཆེ་བ་སེམས་དང་སྲོག་གི་ཚོགས་འདུ་དང་འབྲེལ་བ་ཡོད་མཁན་རེད། ༸སྐྱབས་མགོན་རིན་པོ་ཆེ་མཆོག་ཚོགས་འདུར་ཕེབས་ཏེ་བགྲོ་གླེང་མང་པོ་གནང་མྱོང་ཡོད། ཁོང་ཚོས་ལས་འགུལ་གསར་པ་སྤེལ་བ་ཚང་མ་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་པ་བཞེས་སྟངས་དང་། བཟང་སྤྱོད་སྤེལ་སྟངས་དེ་དག་རྩ་བར་བཞག་ནས་ལས་འགུལ་སྤེལ་བ་ཡིན་སྟབས། ད་རེས་ཚོགས་འདུ་འདི་ཕྱོགས་མང་པོ་ཞིག་ནས་སྣ་འཛོམས་པོ་མཐོང་གི་འདུག ཅེས་གསུངས།།