༢༠༡༨ ཟླ་ ༣ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་སྒྱུར་བསྐྱངས་པའི་ཉིན་མོ་སྲུང་བརྩི་ཞུ་སླད་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༧ ཉིན་འཕགས་བོད་ས་མཚམས་ནས་ཞི་བའི་གོམ་བགྲོད་སྤེལ་ཏེ་ཉིན་གསུམ་པའི་སྐབས་གོམ་བགྲོད་པ་རྣམས་རྟ་དབང་དགོན་པ་དང་། རིམ་བཞིན་གྲོང་ཁྱེར་ནང་གི་ཀ་ལ་དབང་པོའི་ཚོགས་ཁང་ནང་སྲུང་བརྩི་ཞུས་འདུག སྲུང་བརྩི་མཛད་སྒོའི་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ Bharat Tibbat Sahyog Manch ཚོགས་གཙོ་སྐུ་ཞབས་ལྷུན་གྲུབ་ཆོས་བཟང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་།
དེ་བཞིན་རྟ་དབང་དགོན་པའི་སློབ་དཔོན་ཟུར་པ་ངག་དབང་ནོར་བུ་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་གནང་བ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བ་དང་བྱམས་བརྩེའི་ཉམས་ལེན་སྐོར་བཀའ་སློབ་སྩལ་བ་དེ་དག་ལག་བསྟར་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་གཞི་མ་བོད་ཡིག་ལ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཁོ་ན་ཡིན་སྐོར་སོགས་གསུངས།
ཕྱོགས་མཚུངས་ཡུ་པི་མངའ་སྡེའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུན་དར་ལལ་སུ་མན་ Shri Sunderlal Suman ལགས་ཀྱིས་དེ་སྔ་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༤ ནང་རྒྱ་གར་གཞུང་མང་སྤྱི་དང་། ལྷག་པར་མོན་ཡུལ་ས་གནས་མང་ཚོགས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་རྣམས་རྗེས་དྲན་དང་འབྲེལ་ཡུལ་མི་ཚོས་འབྱུང་འགྱུར་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་རྣམས་སླར་ཡར་ཆམགྱོགས་མྱུར་རང་ཡུལ་བོད་དུ་ཕྱིར་༸ཞབས་སོར་འཁོད་ཐུབ་ཐབས་ཆེད་ཚང་མས་འབད་བརྩོན་ཞུ་དགོས་སྐོར་གསུངས།
དེ་བཞིན་རྒྱ་གར་གཞུང་གི་ཆེ་བསྟོད་གཟེངས་རྟགས་པདྨ་ཤྲི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་ཚོགས་བཅར་བ་མི་གྲངས་ ༤༠༠ ཙམ་ལ་གསུང་བཤད་གནང་སྐབས། སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདས་པའི་མི་ལོ་ ༦༠ ཙམ་རིང་སྐུ་ངལ་འཛེམས་མེད་ཐོག་ནས་རྒྱ་གར་གྱི་ཆེ་མཐོང་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དྲིལ་བསྒྲགས་ཡོང་རྒྱུར་རླབས་ཆེན་གྱི་ཞབས་འདེགས་བསྒྲུབས་གནང་མཛད་པ་དང་། ལྷག་པར་ཤར་མོན་ནས་ནུབ་ལ་དྭགས་བར་ཧི་མ་ལ་ཡ་ས་ཁུལ་ཁག་ཏུ་ནང་ཆོས་འཛན་སྐྱོང་སྤེལ་གསུམ་ཐད་མཛད་པ་འཕྲིན་ལས་ཧ་ཅང་བསྐྱངས་དང་སྐྱོང་མུས་ཡིན་སྟབས། ཧི་མ་ལ་ཡ་མི་རིགས་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་དང་ལྷན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ Thank You Dalai Lama དུས་ལ་བབ་ཡོད་སྐོར་གསུངས།
གཞན་ཡང་གསུང་བཤད་གནང་མཁན་ཁོངས་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་ Shri R.K.Khrimey ལགས་དང་རྟ་དབང་དགོན་པའི་མཁན་པོ་གངས་དཀར་སྤྲུལ་སྐུ་སོགས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་འདུག
མཛད་སྒོའི་ཐོག་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་མོན་ཡུལ་དུ་༸ཞབས་སོར་འཁོད་སྐབས་ཕེབས་བསུ་ཞུ་མཁན་གྲས་ཡུལ་མི་རྒན་གྲས་བཞི་ལ་ཆེ་བསྟོད་ཀྱི་ཕྱག་རྟགས་དང་༸གོང་ས་མཆོག་གི་༸སྐུ་པར་རེ་ཕུལ་ནས་དུས་དྲན་སྲུང་བརྩི་ཞུས་འདུག དེ་ཡང་ཁོངས་རྣམས་ནི་གུང་གྲངས་ ༩༢ སོན་པ་ཨ་ནེ་ལགས་དང་། གུང་གྲངས་ ༨༣ ཡིན་པ་ལུང་བསྟན་ལགས། གུང་གྲངས་ ༨༢ ཡིན་པ་ཨ་ཞང་ཐུབ་བསྟན་ལགས། གུང་གྲངས་ ༨༩ ཡིན་པ་སངས་རྒྱས་ལུང་བསྟན་ལགས་བཅས་ཡིན་འདུག
མཛད་སྒོའི་མཐར་རྟ་དབང་ཤེས་ཡོན་གོང་འཕེལ་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་མཁས་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། རྟ་དབང་དགོན་པའི་མཁན་པོ་གངས་དཀར་སྤྲུལ་སྐུ་ལགས་ཀྱིས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གིས་གོ་སྒྲིག་ཞུས་པའི་༼རང་ཡུལ་ནས་བཙན་བྱོལ།༽ ཞེས་པའི་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་འདུག་པ་བཅས།།