༢༠༡༨ ཟླ་ ༣ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མན་སྲིད་འཛིན་ཨེན་གེ་ལ་མར་ཀེལ་ Angela Merkel མཆོག་ཡུལ་དེའི་སྲིད་འཛིན་དུ་ཐེངས་བཞི་པར་འོས་འདེམས་བྱུང་བར་འཚམས་འདྲི་མཛད་པའི་ནང་འཁོད་དོན། སྐུ་ཉིད་མཆོག་ནི་འཆར་སྣང་ལྡན་པའི་ཐོག་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་རྒྱུན་སྐྱོང་གནང་ཐུབ་མཁན་གྱི་དབུ་ཁྲིད་ལྷག་བསམ་དང་ཧུར་བརྩོན་ཅན་ཞིག་ཡིན།
ངོས་རང་ལ་མཚོན་ན་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་ཆེ་མཐོང་དང་གདེང་འཇོག་ཧ་ཅང་ཆེན་པོ་ཞུ་མཁན་ཞིག་ཡིན། སྤྱིར་སྒྲིག་འཛུགས་ཁོངས་ཀྱི་རྒྱལ་ཁབ་ཁག་གཅིག་ལོ་རྒྱུས་ཁྲོད་ཕན་ཚུན་དམག་འཐབ་བྱས་མྱོང་ཡོད་ཀྱང་། ད་ཆ་རྒྱལ་ཁབ་སོ་སོའི་སྒེར་གྱི་ཁེ་ཕན་ལས་སྤྱིའི་ཁེ་ཕན་གལ་ཆེ་བར་བརྩིས་ནས་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་གཅིག་གི་འོག་འཆམ་མཐུན་ངང་གནས་ཐུབ་པའི་ལག་རྗེས་སུ་ལོ་ངོ་དྲུག་ཅུ་ཙམ་གྱི་རིང་ཞི་བདེ་བརྟན་ལྷིང་རྒྱུན་སྐྱོང་ཐུབ་པ་བྱུང་ཡོད། དེ་ནི་མིའི་རྣམ་དཔྱོད་ཡར་རྒྱས་ཕྱིན་པའི་མཚོན་རྟགས་ཤིག་ཡིན་སྟབས་དགའ་སྤོབས་བྱ་འོས་པ་ཞིག་ཡིན།
ངོས་ཀྱི་རེ་བར་མི་རིང་བར་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལྟ་བུ་ཞིག་གླིང་ཆེན་ཨ་ཕི་རི་ཀ་དང་ལྷོ་ཨ་མི་རི་ཀ། དེ་བཞིན་ཨེ་ཤི་ཡ་གླིང་ཆེན་ནང་དུའང་འཛུགས་ཐུབ་པའི་རེ་བ་ཞུ་བཞིན་ཡོད། དེང་ཧ་ཅང་ཟང་ཟིང་ཆེ་བའི་དུས་སྐབས་འདིར་སྐུ་ཉིད་མཆོག་གིས་རང་གི་མི་མང་གི་རེ་བ་དང་མངོན་འདོད་སྒྲུབ་ཐུབ་པ་ཙམ་མ་ཟད། འཛམ་གླིང་ཞི་བདེ་བརྟན་ལྷིང་ལྡན་པ་ཞིག་སྐྲུན་ཆེད་མུ་མཐུད་འབད་བརྩོན་གནང་བཞིན་པ་དེར་ངོས་ཀྱིས་ཡི་རངས་བསྔགས་བརྗོད་ཤུགས་ཆེ་ཞུ་བཞིན་ཡོད། ཅེས་འཁོད་འདུག
༼ གསུང་འཕྲིན་ངོ་མ་ཨིན་ཡིག་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ། ༽