༢༠༡༨ ཟླ་ ༣ ཚེས་ ༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༧ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༦།༤༠ ཙམ་ལ་ལྷ་ལྡན་གཙུག་ལག་ཁང་ལ་མེ་སྐྱོན་ཤོར་བའི་གནས་ཚུལ་སྤྱི་ཚོགས་དྲ་རྒྱ་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་པ་ནས་བཟུང་ད་བར་མེ་སྐྱོན་རྐྱེན་པས་གནོད་སྐྱོན་ག་ཚོད་བྱུང་ཡོད་མེད་ད་དུང་ཁ་གསལ་ཤེས་ཐུབ་ཀྱི་མེད་པ་མ་ཟད། རྒྱ་ནག་གཞུང་གིས་མེ་སྐྱོན་སྐོར་གྱི་གནས་ཚུལ་ཐད་དམ་བསྒྲགས་ཧ་ཅང་བྱས་དང་བྱེད་བཞིན་ཡོད་པར་བརྟེན། མང་ཚོགས་ནས་ཧ་ཅང་ཐུགས་ཚབས་དང་དངོས་ཡོད་གནས་ཚུལ་མཁྱེན་འདོད་ཤུགས་ཆེ་གནང་གི་ཡོད།
ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༤༠ ཙམ་ལ་ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་བཞུགས་ཁང་ལ་མེ་སྐྱོན་རྐྱེན་པས་ཇོ་བོའི་སྐུ་བརྙན་གྱི་རྒྱབ་ངོས་སུ་མེ་སྐྱོན་ཚབས་ཆེ་བྱུང་ཡོད་པ་དང་། ཇོ་བོའི་སྐུ་བརྙན་ལ་མེ་སྐྱོན་ཕོག་ཡོད་མེད་ཁ་གསལ་མི་འདུག ཕྱོགས་མཚུངས་ཡུམ་དྲག་མོའི་ལྷ་ཁང་དང་། སྲོང་བཙན་ལྷ་ཁང་། ༼རིག་གནས་གསར་བརྗེའི་སྐབས་སྐྱོན་བྱུང་མེད་ནའང་ད་རེས་སྐྱོན་བྱུང་ཡོད།༽ མ་ཎི་ལྷ་ཁང་། ༼ལྷ་ཁང་འདིའི་ནང་མ་ཎི་བཀའ་འབུམ་སོགས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ལག་བྲིས་བཀའ་བསྟན་སོགས་ཀྱི་དཔེ་དེབ་རྙིང་པ་མང་པོ་ཡོད།༽ གནམ་སྲས་ལྷ་ཁང་བཅས་ལ་མེ་སྐྱེན་ཚབས་ཆེ་བྱུང་ཡོད་པ་མ་ཟད་། ཡར་བཞེངས་ནས་ཡོད་པའི་སྐུ་རྙིང་པ་བྱིན་ཅན་ ༡༤ ལ་ཆག་འཇིག་ཆེན་པོ་བྱུང་ཡོད་པ་དང་། རྗེ་རིན་པོ་ཆེའི་སྐབས་ཀྱི་རིན་ཆེན་གསེར་ལས་གྲུབ་པའི་གནམ་ཡོལ་ལའང་མེ་སྐྱོན་ཆེན་པོ་བྱུང་ཡོད་འདུག
མེ་གསོད་པར་ཆུ་ཚོད་ ༣ དང་སྐར་མ་ ༤༠ འགོར་ཡོད་པ་དང་། མེ་སྐྱོན་ཁྲོད་མེ་གསོད་རུ་ཁག་དང་། གཙུག་ལག་ཁང་གི་ལས་བྱེད་སོགས་ཁྱོན་མི་གྲངས་ ༡༢ ལ་རྨས་སྐྱོན་ཕོག་ཡོད།
ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡་་་༡༢ ཙམ་ལ་རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་དང་། རྒྱལ་ཁབ་རིག་དངོས་དོ་དམ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་སྣ་བཅས་ལྷ་སར་སླེབས་ཡོད།
བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པས་གཙུག་ལག་ཁང་གི་དགེ་འདུན་པ་དང་། ལས་བྱེད་སོགས་ལ་གཙུག་ལག་ཁང་གི་མེ་སྐྱོན་དང་འབྲེལ་བའི་དང་ལེན་བྱེད་དགོས་པ་གཉིས་དང་། བཤད་མི་ཆོག་པ་བརྒྱད་ཅེས་པའི་ཡིག་ཆ་ཞིག་ཁྱབ་སྤེལ་བྱས་ཡོད།
བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པས་ཐེངས་འདིའི་མེ་སྐྱོན་ཁྲོད་རྒྱ་སྒོར་དུང་ཕྱུར་སུམ་ཅུ་ནས་ལྔ་བཅུ་བར་གྱི་གྱོང་གུད་བྱུང་བའི་ཚོད་དཔག་བྱེད་བཞིན་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བློ་འཚབ་དང་འབྲེལ་གསུང་དོན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག རིག་གཞུང་བཅས་ཀྱི་ལྷན་ཚོགས་ཡུ་ནེ་སི་ཁོ UNESCO ཞེས་པས་འཛམ་གླིང་གི་ཤུལ་བཞག་རིག་གནས་སུ་ངོས་འཛིན་གནང་ཟིན་པའི་ཇོ་ཁང་ལ་མེ་སྐྱོན་བྱུང་རྐྱེན་དང་གནོད་སྐྱོན་ག་ཚོད་ཐེབས་ཡོད་མེད་ཕྱི་གསལ་ནང་གསལ་དགོས་པ་དང་། གཙུག་ལག་ཁང་གི་མེ་སྐྱོན་གྱི་གནས་ཚུལ་ཁ་གསལ་མེད་པར་བརྟེན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག རིག་གཞུང་བཅས་ཀྱི་ལྷན་ཚོགས་ནས་གཙུག་ལག་ཁང་གི་མེ་སྐྱོན་དང་འབྲེལ་བའི་དངོས་ཡོད་གནས་སྟངས་རྟོགས་ཞིབ་སླད་བོད་ནང་གསར་འགོད་མི་སྣ་བཏང་སྟེ་རང་དབང་གི་སྒོ་ནས་ཞིབ་འཇུག་བྱ་དགོས་པའི་འབོད་སྐུལ་གནང་འདུག
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པ་ནས་བཟུང་བོད་ནི་འཛམ་གླིང་ནང་ཆེས་གཉའ་གནོན་འོག་གནས་བཞིན་པའི་ལུང་པ་ཞིག་ཡིན་པ་དང་། རྒྱལ་མཚམས་མེད་པའི་རྒྱལ་སྤྱིའི་རང་དབང་གསར་འགོད་པ་ཚོས་བརྗོད་པ་ལྟར་ན། བྱང་ཀོ་རི་ཡ་ལས་ཀྱང་བོད་ནང་གསར་འགོད་པ་ཚོ་བསྐྱོད་པར་དཀའ་ལས་ཁག་པོ་ཡོད་པ་བརྗོད་འདུག །