༢༠༡༨ ཟླ་ ༣ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ ༢༠༡༨ ཟླ་ ༣ ཚེས་ ༢༦ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༣ ཚེས་ ༢༤།༢༥ ཉིན་གཉིས་རིང་ཐེ་ཝན་དུ་“ཧོང་ཀོང་དང་། རྒྱ་ནག དེ་བཞིན་མི་རིགས་ཁག་དང་ཐེ་ཝན་གྱི་རང་དབང་གླེང་སྟེགས་” ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད། ཚོགས་འདུའི་ཐོག་ཨ་རི་དང་འཇར་མ་ནི། ཉི་ཧོང་། ཧོང་ཀོང་སོགས་ནས་ཕེབས་པའི་རྒྱ་རིགས་དང་། སོག་པོ། ཡུ་གུར་མི་རིགས་ཀྱི་མང་གཙོ་དོན་གཉེར་བ་དང་། ཁྲིམས་རྩོད་པ། ཧོང་ཀོང་མང་གཙོ་རྩོད་ལེན་གྱི་གྲོས་ཚོགས་འཐུས་མི་ཟུར་པ། དགེ་རྒན་དང་སློབ་ཕྲུག་སོགས་མི་སྣ་ཉི་ཤུ་ལྷག་མཉམ་འཛོམས་ཐོག་ཉིན་གཉིས་རིང་རྒྱ་ནག་མང་གཙོ་རྩོད་ལེན་དང་། མི་རིགས་ཁག་གི་རང་དབང་རྩོད་ལེན། རང་ཐག་རང་གཅོད་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་ཞིང་། ཧོང་ཀོང་དུ་ཡོད་པའི་རྒྱ་གཞུང་གི་ཚགས་ཤོག་སོགས་སུ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་རུང་། ཐེ་ཝན་གྱི་མཁས་དབང་དང་དོ་སྣང་ཅན་མི་གྲངས་བརྒྱ་སྐོར་ཚོགས་འདུར་མཉམ་ཞུགས་བྱས་ཡོད།
ཐེངས་འདིའི་ཚོགས་འདུར་གདན་ཞུ་ལྟར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཉིན་གཉིས་རིང་ཚོགས་ཞུགས་དང་འབྲེལ་བོད་ཀྱི་ད་ལྟའི་ཛ་དྲག་གནས་བབ། གཉིས་ཕན་དབུ་མའི་ལམ་གྱི་བྱུང་རིམ། རྒྱལ་སྤྱིའི་ཐོག་དབུ་མའི་ལམ་ལ་རྒྱབ་སྐྱོར། མིང་དོན་མཚུངས་པའི་རང་དབང་ཐོབ་ཐབས་སྐོར་སོགས་ངོ་སྤྲོད་དང་། ཚོགས་ཞུགས་པའི་འདྲི་བར་ལན་འདེབས་བཅས་གནང་ཡོད་པ་བཅ།།