ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༡ ཉིན་ཨིན་ཡུལ་བོད་ཀྱི་ཚོགས་པ་ Tibet Society དང་། ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ All-Party Parliamentary Group for Tibet བཅས་ཐུན་མོང་གི་གོ་སྒྲིག་འོག་བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་ལོའི་གནམ་ལོ་གསར་དུ་བཞེད་པའི་དགའ་སྟོན་གྱི་ཉིན་མོ་ཨིན་ཇིའི་གྲོས་ཚོགས་ནང་སྲུང་བརྩི་ཞུས་འདུག
དེ་ཡང་ཨིན་ཡུལ་བོད་ཀྱི་ཚོགས་པ་དང་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་གིས་གོ་སྒྲིག་འོག་བོད་ས་ཁྱི་ལོའི་གནམ་ལོ་གསར་ཚེས་ཀྱི་ཉིན་མོ་ཨིན་ཡུལ་གྲོས་ཚོགས་ནང་སྲུང་བརྩི་ཞུས་པ་ཐེངས་དང་པོ་ཆགས་ཀྱི་ཡོད།
བོད་ཀྱི་ལོ་གསར་སྲུང་བརྩིི་མཛད་སྒོའི་ཐོག་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་གིས་རྒྱུད་སྟོད་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་འདོན་རྟ་དབྱངས་ཀྱི་ཐོག་ནས་སྨོན་ལམ་བཏོན་པ་དང་། དེ་བཞིན་ཨིན་ཡུལ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་འཇམ་དབྱངས་རྡོ་རྗེ་ལགས་དང་། བསྟན་འཛིན་བསམ་འཕེལ་ལགས་རྣམ་གཉིས་ཀྱིས་བོད་ཀྱི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད།
ལོ་གསར་གྱི་མཛད་སྒོ་དང་སྟབས་བསྟུན་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐུགས་འཚབ་དང་ལྷན། གོ་སྐབས་འདི་བརྒྱུད་ཨིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་། ཨིན་ཇི་གཞུང་གིས་རྒྱ་ནག་གཞུང་ལ་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་ཆེད་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག
ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཁིར་སི་ལའོ་ Chris Law ལགས་ཀྱིས་ཨིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་གཞན་ཚོས་ཀྱང་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་འཛུལ་ཞུགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་འཕེལ་གཏོང་ཐབས་སུ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་གནང་འདུག
ཨིན་ཡུལ་བོད་ཀྱི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ནོར་མན་བྷ་ཀར་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་ཁ་བཏགས་དང་ཕྱག་འཁྱེར་རེ་གནང་བ་དང་། ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཁིར་སི་ལའོ་ལགས་ཀྱིས་བོད་ཀྱི་ལོ་གསར་སྲུང་བརྩིའི་ལས་རིམ་དེ་བཞིན་འབྱུང་འགྱུར་གྱི་ལོ་ནང་མུ་མཐུད་མཇུག་སྐྱོང་གནང་ཐུབ་པའི་རེ་བ་ཡོད། ཅེས་གསུངས་འདུག
བོད་ཀྱི་ལོ་གསར་སྲུང་བརྩི་མཛད་སྒོའི་ཐོག་ཨིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་། ཨིན་ཡུལ་ནང་གི་རྒྱབ་ཁབ་གཞན་ཁག་གི་གཞུང་ཚབ་མི་སྣ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་མཉམ་ཞུགས་གནང་ཡོད་པ་དང་བཅས། །