ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་གྱི་སྔ་དྲོ་ཚོུད་ ༡༠།༣༠ ཐོག་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་ཟབ་རྒྱས་ཞུས་གནང་འདུག
སྐབས་དེར་སྐུ་མགྲོན་གཙོ་བོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ལས་སྐུ་ཞབས་ Steve Goldstein ལགས་དང་། གཞན་ཡང་ཨ་རིའི་ཕྱི་རྒྱལ་གཞུང་ཚབ་པ་ Sam Brownback ལགས། སོག་པོའི་གཞུང་ཚབ་ཟུར་པ་ལྕམ་སྐུ་ Jenniferr Zimdahl Galt ལགས། སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། ཨ་རིའི་བོད་ཀྱི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་གཙོས་པའི་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་ཀྱི་ལས་བྱེད། མི་མང་སོགས་ཁྱོན་མི་གྲངས་བརྒྱ་ལྷག་མཉམ་ཞུགས་གནང་ཡོད།
མཛད་སྒོའི་ཐོག་མར་འབྲི་གུང་ཆོས་ཚོགས་ཀྱི་མཁན་པོ་བསམ་གྲུབ་ལགས་ཀྱི་ཤིས་བརྗོད་གསུང་འདོན་གནང་བ་དང་། དེ་ནས་བོད་ཀྱི་སྒྱུ་རྩལ་པ་ཁག་གཅིག་གིས་ལྷ་མོའི་རྣམ་ཐར་བཏང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་གི་རྣམ་པ་ཟུར་ཞིག་ངོ་སྤྲོད་གནང་འདུག
སྐུ་མགྲོན་གཙོ་བོ་སྐུ་ཞབས་ Steve Goldstein མཆོག་གིས་གསུང་བཤད་ནང་ཨ་རིའི་གཞུང་གི་བོད་དོན་ཐོག་ལངས་ཕྱོགས་ངོ་སྤྲོད་དང་ད་བར་བོད་པའི་སློབ་མ་ ༤༠༠ ཙམ་ལ་སློབ་ཡོན་མཐུན་རྐྱེན་སྦྱར་ཐུབ་པ་བྱུང་ཡོད་པའི་བརྒྱུད་ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་ཚོགས་སྒེར་འདྲ་མིན་ནང་ཞབས་འདེགས་ཞུ་བཞིན་ཡོད་པ་སོགས་ཀྱི་སྐོར་གསུང་གནང་འདུག
དེ་ནས་གཞུང་ཚབ་པ་ Sam Brownback མཆོག་གིས་བོད་ནང་ཆོས་དད་རང་དབང་དང་སྐད་ཡིག་སྲུང་སྐྱོབ་ཀྱི་རང་དབང་དགོས་པ་ཕྱི་ལོ་ ༢༠༠༢ ལོར་བཞག་པའི་ Tibet Policy Act 2002 ནང་གསལ་བ་བཞིན་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་སྐོར་གསུང་འདུག
སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་སྐུ་མགྲོན་རྣམས་ལ་ལོ་གསར་འཚམས་འདྲི་ཞུས་གནང་བ་དང་། ཨ་རིའི་གཞུང་མང་གཉིས་ལ་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན་གང་ཅིའི་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་ལྕམ་སྐུ་ Sarah Sewell མཆོག་ལ་ཕྱི་སྲིད་ལས་ཁུངས་ནས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་རྒྱུའི་སྲོལ་གཏོད་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུས་གནང་འདུག་པ་དང་། དེ་བཞིན་བོད་ལ་རྒྱ་དམར་ཀྱི་བཙན་བཟུང་གི་དོན་རྐྱེན་བྱུང་བ་དེ་ད་ལྟ་རྒྱལ་ཁབ་གཞན་གྱི་ནང་བྱུང་བཞིན་ཡོད་པས་རྒྱ་དམར་གྱི་བཙན་འཛུལ་སྲིད་བྱུས་དེ་སུ་ལའང་བྱུང་སྲིད་པས་སྔོན་ཚུད་ནས་གཟབ་དགོས་པའི་སྐོར་སོགས་གསུང་འདུག
ཐེངས་འདིར་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་དེ་ཐེངས་ ༤ པ་ཆགས་ཀྱི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་མགྲོན་འབོད་དང་གསུང་བཤད་གནང་རྒྱུའི་གོ་སྐབས་ཕུལ་བ་ཐེངས་དང་པོ་ཆགས་ཡོད་འདུག །