ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༣ རེས་གཟའ་པ་སངས།
༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༡ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ལའི་མ་ Laima Andrikiene ལགས་ཀྱིས་གཙོས་འཐུས་མི་གཞན་ཁག་གཅིག་གིས་ཡུ་རོབ་གྲོས་ཚོགས་ནང་ལི་ཐུ་ནི་ཡ་ Lithuania རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་འདུག
དེ་ཡང་ལི་ཐུ་ནི་ཡ་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༡༨ ཟླ་ ༢ ཚེས་ ༡༦ ཉིན་ལི་ཐུ་ནི་ཡ་ནི་རང་བཙན་གཙང་མ་ཡིན་པའི་གསལ་བསྒྲགས་གནང་ཡོད་ཀྱང་ཕྱི་ལོ་ ༡༩༤༠ ལོར་ཨུ་རུ་སུ་ United Soviet Socialist Republic ཡིས་ལི་ཐུ་ནི་ཡ་ལ་དབང་སྒྱུར་བྱས་པ་དང་། ཕྱིས་སུ་ཨུ་རུ་སུ་རྒྱལ་ཁབ་ཁ་འཐོར་དུ་ཕྱིན་པར་བརྟེན། ལི་ཐུ་ནི་ཡ་ཕྱི་ལོ་ ༡༩༩༠ ལོར་སླར་ཡང་རང་བཙན་ཐོབ་པ་རེད། དེ་སྔ་ལི་ཐུ་ནི་ཡ་ཨུ་རུ་སུའི་མངའ་ཁོངས་འོག་ཡོད་དུས། ལི་ཐུ་ནི་ཡའི་མི་མང་གིས་དཀའ་སྡུག་ཚད་མེད་མྱངས་དགོས་བྱུང་ཡོད།
དུས་དྲན་གྱི་མཛད་སྒོའི་ཐོག་ཡུ་རོབ་སྤྱི་མཐུན་ཚོགས་པའི་འཐུས་མི་དང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི། ལི་ཐུ་ནི་ཡ་ནས་ཕེབས་པའི་གནད་ཡོད་མི་སྣ་སོགས་བཅར་ཡོད་པ་དང་། དེ་བཞིན་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་ཡུ་རོབ་མཐུན་ཚོགས་ཀྱི་འབྲེལ་མཐུད་པ་རིག་འཛིན་ཆོས་སྒྲོན་ལགས་རྣམ་གཉིས་བཅར་ཡོད།
ཡུ་རོབ་གྲོས་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ཨན་ཊོ་ནིའོ་ Antonio Tajani ལགས་ཀྱིས་བརྙན་འཕྲིན་བརྒྱུད་ལི་ཐུ་ནི་ཡའི་གཞུང་མང་གཉིས་ལ་དགའ་བསུའི་འཚམས་འདྲི་ཞུ་གནང་ཡོད། སྐུ་ཞབས་ཇུན་ཀར་Jean-Claude Juncker, President of the European Commission ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་ཡོད།
མཐར་ལི་ཐུ་ནི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝི་ཀི་ཊོར་སི་ལགས་ཀྱིས། ལི་ཐུ་ནི་ཡ་དེ་སྔ་ཨུ་རུ་སུའི་མངའ་འོག་ཏུ་ཡོད་པའི་སྐབས་ལ་མི་མང་གིས་དཀའ་སྡུག་ཚད་མེད་མྱངས་ཡོད། དཔེར་ན། ཨུ་རུ་སུ་གཞུང་གིས་ལི་ཐུ་ནི་ཡའི་མི་མང་ཐོག་གཉའ་གནོན་དང་། མནར་གཅོད། བཙོན་འཇུག སྐད་ཡིག་བཀག་སྡོམ་སོགས་མཚོན་པའི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་ཡོད། དཀའ་སྡུག་གི་ལོ་ཟླའི་ཁྲོད་ནས་ལི་ཐུ་ནི་ཡའི་མི་མང་ཡར་ལངས་ཐུབ་ཡོད་པ་མ་ཟད། རིག་གཞུང་དང་། སྐད་ཡིག་སོགས་སླར་གསོ་གནང་ཐུབ་ཡོད་པའི་སྐོར་གསུང་བཤད་གནང་གྲུབ་མཚམས་གཞས་སྣ་འཁྲབ་སྟོན་པ་ཁག་གཅིག་གིས་སྐུ་མགྲོན་རྣམས་ལ་ལི་ཐུ་ནི་ཡའི་སྲོལ་རྒྱུན་དང་དེང་རབས་གཞས་སྣ་འཁྲབ་སྟོན་ཞུས་ཡོད་པ་བཅས། །