ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༧ ཉིན་འཇར་མ་ནིར་རྟེན་གཞི་བྱས་པའི་མར་སི་ཊི་བྷན་ཛི་ Mercedes Benz སྣུམ་འཁོར་ཁེ་ལས་བཟོ་ཚོང་ཁང་གིས་སྤྱི་ཚོགས་དྲྭ་ལམ་ Instagram སྟེང་སྤྱི་ནོར༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལུང་འདྲེན་ཞུས་ཡོད་པ་དེར་དྲྭ་ལམ་ཐོག་རྒྱ་རིགས་རྣམས་ཀྱིས་ངོ་རྒོལ་བྱས་རྐྱེན་འཕྲལ་མར་ཕྱིར་ཐེན་བྱས་ཏེ་དགོང་སེལ་བྱས་ཡོད་པར་བརྟེན་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྤྱི་ཚོགས་དྲྭ་ལམ་ཐོག་མར་སི་ཊི་བྷན་ཛི་སྣུམ་འཁོར་ཁེ་ལས་བཟོ་ཚོང་ཁང་ལ་བསྐྱོན་བརྗོད་དང་བློ་ཕམ་གྱི་རྣམ་གྱུར་ཤུགས་ཆེ་སྟོན་ཡོད།
དེ་ཡང་ཕྱི་ཚེས་ ༥ ཉིན་སྣུམ་འཁོར་ཁེ་ལས་བཟོ་ཚོང་ཁང་གིས་གིས་སྤྱི་ཚོགས་དྲྭ་ལམ་ Instagram སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་༼གནས་ཚུལ་ཚང་མ་ཁྱོན་ཡོངས་ནས་བལྟས་ན། རང་ཉིད་བློ་རྒྱ་ཆེ་རུ་འགྲོ་རྒྱུ་རེད།༽ ཅེས་པ་ཞིག་ལུང་འདྲེན་ཞུས་ཡོད་པར་རྒྱ་ནག་གིས་དྲ་རྒྱ་བརྒྱུད་ནས་དེ་ནི་རྒྱ་ནག་མི་མང་གི་སེམས་ཚོར་ལ་དོ་ཕོག་འགྲོ་གཞི་ཞིག་ཡིན་ལུགས་སྐྱོན་བརྗོད་བྱས་མ་ཐག་མར་སི་ཊི་བྷན་ཛི་སྣུམ་འཁོར་ཁེ་ལས་བཟོ་ཚོང་ཁང་གིས་རྒྱ་ནག་མི་མང་གིས་བེད་སྤྱོད་ཆེན་པོ་བྱེད་བཞིན་པའི་སྤྱི་ཚོགས་དྲ་ལམ་ཝེ་བྷོ་ཞེས་པའི་ནང་དགོངས་སེལ་ཞུས་ཏེ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལུང་འདྲེན་ཞུས་པ་དེ་དག་ཕྱིར་འཐེན་བྱས་ཡོད།
སྣུམ་འཁོར་ཁེ་ལས་བཟོ་ཚོང་ཁང་གིས་དགོང་སེལ་ཞུས་པའི་ནང་། དེ་རིང་སྔ་དྲོར་ང་ཚོའི་སྣུམ་འཁོར་བཟོ་ལས་ཁང་གི་སྤྱི་ཚོགས་དྲྭ་ལམ་ཐོག་དངོས་ཡོད་མིན་པའི་གནས་ཚུལ་ཞིག་འདོན་སྤེལ་ཞུས་འདུག་པ་དེས་རྒྱ་ནག་ནང་ཡོད་པའི་བཟོ་ལས་ཁང་གི་ལས་བྱེད་དང་དེ་བཞིན་སྣུམ་འཁོར་ཉོ་མཁན་རྣམས་ལ་བློ་ཕམ་ཆེན་པོ་བྱུང་བ་ཤེས་རྟོགས་བྱུང་། སླད་ཕྱིན་གནས་ཚུལ་འདི་རིགས་མི་ཡོང་བའི་ཆེད་དུ་བཟོ་ལས་ཁང་གི་ལས་བྱེད་ཡོངས་ལ་རྒྱ་ནག་དང་འབྲེལ་བའི་གནས་དོན་ཐད་གོ་རྟོགས་སྤེལ་རྒྱུ་ཡིན་ཞེས་འཁོད་ཡོད།
གནད་དོན་འདིའི་སྐོར་འཇར་མན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་འགན་འཛིན་ཀ་ཡི་མུལ་ལར་ Kai Muller ལགས་ཀྱིས་སྣུམ་འཁོར་ཁེ་ལས་བཟོ་ཚོང་ཁང་གིས་སྲིད་དབང་གཅིག་བསྡུས་ཀྱི་གཞུང་འཛིན་ལ་མགོ་བོ་མགུར་བའི་བྱ་སྤྱོད་དེ་ནི་ངོ་ཚ་དགོས་པ་ཞིག་རེད་ཅེས་གསུང་སྟེ་རྒྱ་ནག་ལ་སྐྱོན་བརྗོད་གནང་འདུག །