ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་སཡི་རིལ་རྭ་མ་ཕོ་ས་ Cyril Ramaphosa མཆོག་ལྷོ་ཨ་ཕི་རི་ཁའི་སྲིད་འཛིན་འོས་བསྡུའི་ནང་རྒྱལ་ཁ་ཐོབ་སྟེ་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འཕྲིན་སྩལ་བའི་ནང་འཁོད་དོན། སྐུ་ཉིད་མཆོག་གིས་དབུ་ཁྲིད་ལམ་སྟོན་འོག་ལྷོ་ཨ་ཕི་རི་ཀ་དེ་བཞིན་མུ་མཐུད་དཔལ་ཡོན་མངའ་ཐང་ལྡན་པའི་ཡར་རྒྱས་ཀྱི་སྒོ་ནས་ལས་དོན་མཐའ་དག་ལམ་ལྷོང་ཡོང་བ་དང་། ལྷག་པར་སྤྱི་ཚོགས་ནང་ཡོད་པའི་ཉམ་ཐག་འཁོས་ཞན་ཅན་གྱི་མི་སྡེ་རྣམས་ཀྱི་འཚོ་བ་ཡར་རྒྱས་གཏོང་རྒྱུའི་ཐུགས་རེ་ཡོད། ཅེས་དང་།
སོ་སོའི་རྒྱལ་ཁབ་ཀྱི་མི་མང་ལ་བཟང་ཕྱོགས་ཀྱི་རེ་བ་བསྐྲུན་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་ཙམ་དུ་མ་ཟད། དེས་གཞན་ལའང་མིག་དཔེ་འཛིན་དུ་འོས་པ་ཞིག་ལའང་འགྱུར་རྒྱུ་རེད། ཅེས་འཁོད་ཡོད།
གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་ད་ལམ་སྲིད་འཛིན་མཆོག་ལ་ཞི་བདེ་ལྷིང་འཇགས་ཀྱིས་ངང་ནས་སྲིད་འཛིན་གྱི་སྐུ་དབང་རྩིས་སྤྲོད་གནང་བ་དེས། ལྷོ་ཨ་ཕི་རི་ཀའི་ནང་མང་གཙོའི་རྩ་བ་བརྟན་པོར་གནས་པའི་མངོན་རྟགས་ཤིག་ཡིན་པ་དང་། སྲིད་འཛིན་ཟུར་པ་སྐུ་ཞབས་ནཱལ་སོན་མཎྜེ་ལཱ་ Nelson Mandela དམ་པ་མཆོག་གིས་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་ལྷོ་ཨ་ཕི་རི་ཀའི་མི་མང་ནས་སོ་སོའི་རྒྱལ་ཁབ་ནང་ཞི་བདེ་དང་། མང་གཙོ། དྲང་བདེན། དེ་བཞིན་འདྲ་མཉམ་ཀྱི་འདུ་ཤེས་བསྐྲུན་ཆེད་ཕྱག་ལས་གནང་བ་དེར་ཡི་རངས་བསྔགས་བརྗོད་ཡོད། ཅེས་ཀྱང་གསུང་ཡོད།
མཐའ་དོན་མགོན་པོ་གང་ཉིད་མཆོག་གིས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་མཆོག་གིས་དབུ་ཁྲིད་ལམ་སྟོན་འོག་ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ཀྱི་མ་འོངས་ལས་དོན་མཐའ་དག་བྱ་བ་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་ཡོད།
སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕི་རི་ཀའི་ནང་ཕྱི་ལོ་ ༡༩༩༦ དང་། ཕྱི་ལོ་ ༡༩༩༩ དེ་བཞིན་ཕྱི་ལོ་ ༢༠༠༤ བཅས་སྔ་ཕྱི་ཐེངས་གསུམ་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས། །
༼མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།༽