ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༦ རེས་གཟའ་པ་སངས་ཉིན་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཡུལ་དེའི་སྲིད་འཛིན་གསར་པ་སཡི་རིལ་རྭ་མ་ཕོ་ས་ Cyril Ramaphosa མཆོག་གི་རྒྱལ་ཡོངས་གསུང་བཤད་ཐོག་མའི་མཛད་སྒོའི་ཐོག་ཨིན་ཁ་ཏ་རང་དབང་ཆབ་སྲིད་ཚོགས་པས་ Inkhata Freedom Party མགྲོན་འབོད་གནང་བ་ལྟར་མཉམ་ཞུགས་གནང་འདུག
དེ་ཡང་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་སྲིད་འཛིན་གསར་པའི་གསུང་བཤད་སྐབས་གྲོས་ཚོགས་འཐུས་མི་དང་། དེ་བཞིན་ལྷོ་ཨ་ཕི་རི་ཀའི་མི་མང་ནང་དགའ་སྤོབས་དང་བཟང་ཕྱོགས་ཀྱི་རེ་བ་ཤུགས་ཆེ་སྟོན་ཡོད་པ་དང་། དུས་སྐབས་འདི་ནི་ཨིན་ཁ་ཏ་རང་དབང་ཆབ་སྲིད་ཚོགས་པའི་ཆབ་སྲིད་མི་སྣ་དང་འབྲེལ་ཡོད་ལས་བྱེད་ཚོ་དང་མཉམ་དུ་བོད་དོན་དང་འབྲེལ་བའི་འབྲེལ་ལམ་སྔར་ལྷག་དམ་ཟབ་གཏོང་རྒྱུའི་གོ་སྐབས་ཡག་པོ་ཞིག་བྱུང་ཞེས་གསུང་།
ལྷོ་ཨ་ཕི་རི་ཀའི་རྒྱལ་ཡོངས་གསུང་བཤད་ State of the Nation Address ཞེས་པ་ནི། ཡུལ་དེའི་སྲིད་འཛིན་གསར་པས་གྲོས་ཚོགས་ནང་གསུང་བཤད་ཐོག་མ་སྤེལ་བའི་མཛད་སྒོ་ཚོགས་སྲོལ་ཡོད་པ་དེ་ལ་ཟེར་ཞིང་། སྐབས་དེར་སྲིད་འཛིན་གསར་པས་འདས་ལོའི་ནང་གྲུབ་འབྲས་ཇི་སོན་དང་། དེ་བཞིན་ལོ་འདིའི་ནང་སྲིད་བྱུས་དང་ལས་གཞི་གང་དང་གང་ལག་བསྟར་གནང་རྒྱུ་ཡིན་སྐོར་གསུང་བཤད་གནང་སྲོལ་ཡོད་པ་ཞིག་རེད་འདུག
ཐེངས་འདིའི་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་རྒྱལ་ཡོངས་གསུང་བཤད་གནང་སྐབས་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་གཙོས་པའི་དེ་མིན་སྐུ་མགྲོན་ཁག་གཅིག་ཀྱང་མགྲོན་འབོད་གནང་ཡོད་པ་དང་། ཁོང་རྣམས་མཛད་སྒོ་དབུ་འཛུགས་མ་གནང་གོང་ཨིན་ཁ་ཏ་རང་དབང་ཆབ་སྲིད་ཚོགས་པའི་ཚོགས་གཙོ་རྒྱལ་སྲས་ཡིན་པ་སྐུ་ཞབས་མན་གྷོ་སུ་ཐུ་བྷུ་ཐེ་ལེ་ཛི་ Prince Buthelezi མཆོག་གི་ལས་ཁུངས་སུ་གདན་ཞུས་ཀྱིས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་དང་ལྷན་མཇལ་འཕྲད་གནང་ཡོད་པ་བཅས།།