༢༠༡༨ ཟླ་ ༢ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་གིས་འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས་ལ་ཕེབས་བསུའི་གསོལ་སྟོན་ཞིག་གོ་སྒྲིག་གནང་འདུག དེ་ཡང་ཐོག་མར་ལྕམ་སྐུ་མཆོག་གི་ལས་ཁུངས་ནང་དོན་གྲུབ་དབང་ཆེན་ལགས་དང་ཁོང་གི་ཚ་བོ། ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མ་ཐེའོ་མ་ཁཱ་སི། Matteo Mecacci མཆོག་བཅས་ལྷན་འཛོམས་གནང་སྐབས་ལྕམ་སྐུ་མཆོག་གིས་ཕྱག་རོགས་ཇི་འདྲ་ཞུ་དགོས་མིན་འདྲི་རྩད་གནང་འདུག སྐབས་དེར་དོན་གྲུབ་དབང་ཆེན་ལགས་ཀྱིས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་བོད་རིགས་སྤྱི་དང་།
ལྷག་པར་ད་ལྟ་བཙོན་ཁང་ནང་དཀའ་སྡུག་མྱོང་བཞིན་པ་རྣམས་ཀྱི་སྐོར་ཞུ་སྐབས་ལྕམ་སྐུ་མཆོག་གིས་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་རྒྱ་ཆེ་ཞུས་པ་དང་སྦྲགས། ཁོང་རང་ཉིད་བོད་དང་བལ་ཡུལ་ནང་འཚམས་གཟིགས་ཐེངས་གཉིས་གནང་བའི་བརྒྱུད་རིམ་སྐོར་གསལ་བཤད་གནང་བ་མ་ཟད། འཚམས་གཟིགས་དེ་དག་སྐབས་ཁོག་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་མིག་མཐོང་ལག་ཟིན་ཐུབ་ཚུལ་སོགས་གསུངས།
དོན་གཅོད་དོས་གྲུབ་ཚེ་རིང་མཆོག་གིས་སྐབས་དེར་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ལ་མཇལ་དར་ཕུལ་བ་དང་སྦྲགས་ལོ་གསར་འཚམས་འདྲི་ཞུས་པ་མ་ཟད། འབྱུང་འགྱུར་ཕྱི་ཟླ་ ༤ ནང་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ སྐབས་བརྙན་འཕྲིན་བརྒྱུད་འཚམས་འཕྲིན་ཞིག་གནང་སྐྱོང་ཡོང་བའི་རེ་འདུན་ཡང་ཞུས་འདུག
དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་གཞན་ཞིག་ནང་དུ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern མཆོག་དང་། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེལ་ལོ་ཡེཌ་ཨེན་ཇེལ་ Eliot Engel མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ཇུ་ཌི་ཅུ་ Judy Chu མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་བྷར་བྷ་ར་ལི་ Barbara lee མཆོག དེ་བཞིན་ཨ་རིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། དེ་སྔ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ས་ར་སི་ཝེལ་ Sara Sewell མཆོག དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་ཆེ་ཀུན་དགའ་བཀྲ་ཤིས་ལགས་དང་ལས་བྱེད་ཚེ་རིང་བཀྲ་ཤིས་ལགས་བཅས་ཕེབས་འདུག
སྤྱིར་དེ་ཉིན་སྔ་དྲོར་ཨ་རིའི་གྲོས་ཚོགས་གྱི་རྒྱ་ནག་ལས་དོན་ཚན་པའི་Congressional Executive Commission on China ནང་བོད་དོན་ཉན་ཞིབ་གནང་སྐབས་དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་ཁོང་རང་ཉིད་རྒྱ་ནག་གི་བཙོན་ཁང་ནང་དཀའ་སྡུག་ཇི་འདྲ་མྱངས་བ་རྣམས་ཞིབ་ཕྲ་གསལ་བཤད་གནང་བ་རྣམས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཀེ་ཚེ་རིང་ལགས་ཀྱིས་ཨིན་སྒྱུར་གནང་འདུག ཉན་ཞིབ་སྐབས་ཚོགས་གཙོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷི་ཡོ་ Senator Marco Rubio མཆོག་ཡིན་འདུག་ཅིང་། སྐབས་དེར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁི་རི་སི་སི་མིཐ་ Rep Chris Smith དང་། གྲོས་ཚོགས་གོང་མའི་འཐུས་མི་སི་ཊིབ་ཌེ་ནི་སི་ Steve Daines མཆོག ཨ་རིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་སོགས་ཀྱང་ཉན་ཞིབ་ནང་མཉམ་ཞུགས་གནང་འདུག་པ་བཅས།།