༢༠༡༨ ཟླ་ ༢ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༨ ཉིན་རྒྱབ་ཏུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཀེབ་ཊའོན་ Cape Town ནང་རྟེན་གཞི་བྱས་པའི་སི་ཊེ་ལེན་བྷོཤི་མཐོ་སློབ་ Stellenbosch University ཞེས་པའི་ཁྲིམས་ལུགས་རིག་པའི་ཚན་པའི་འགན་འཛིན་ Dean ནས་མགྲོན་འབོད་ལྟར། དོན་གཉེར་ཅན་གྱི་སློབ་ཕྲུག་ཁག་གཅིག་ལ་གསུང་བཤད་གནང་འདུག
དེ་ཡང་གྲོང་ཁྱེར་དེའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་མཐོ་སློབ་ཀྱི་རིགས་བདག་ Chancellor བརྒྱུད་དཔལ་ལྡན་སྲིད་སྐྱོང་མཆོག་མཐོ་སློབ་ཏུ་ཕེབས་རྒྱུར་འགོག་རྐྱེན་བཟོ་ཆེད་ཐབས་ཤེས་སྣ་ཚོགས་བྱས་ཀྱང་འགན་འཛིན་ Dean མཆོག་གིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྩི་འཇོག་རྩ་བ་ནས་མ་གནང་བར་ཡུལ་དེའི་རྩ་ཁྲིམས་ནང་གསལ་མང་གཙོ་དང་འདྲ་མཉམ། རང་དབང་། དྲང་བདེན་སོགས་རིན་ཐང་དེ་དག་སྲུང་སྐྱོབ་ཐོག་དཔའ་མཛངས་ཆེན་པོས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མགྲོན་འབོད་ཞུས་པ་ཙམ་མ་ཟད། དགེ་ལས་སློབ་ཕྲུག་ཁག་གཅིག་ལ་གསུང་བཤད་གནང་རྒྱུའི་གོ་སྐབས་ཡང་ཕུལ་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐར་མ་ ༣༠ རིང་ཡུལ་དེའི་གཞི་རྩའི་བཟང་པོའི་རིན་ཐང་སྲུང་སྐྱོབ་དགོས་གལ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཁྲིམས་ལུགས་རིག་པའི་སློབ་ཕྲུག་རྣམས་ལ་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་སྐབས་ཚོགས་ཁང་གི་ཕྱི་རོལ་དུ་རྒྱ་ནག་གཞུང་ཚབ་ཁང་གི་གོ་སྒྲིག་འོག་རྒྱ་རིགས་སློབ་ཕྲུག་དང་མཐོ་སློབ་དེའི་ནང་ཁུང་རྩི་བསྟི་གནས་ཁང་ Confucius གི་སློབ་ཕྲུག དེ་བཞིན་གླ་རྔན་སྤྲད་པའི་ཡུལ་མི་གཞོན་སྐྱེས་བཅས་ཁྱོན་མི་གྲངས་བརྒྱ་སྐོར་ཙམ་ཞིག་གིས་ལག་ཏུ་རྒྱ་ནག་གཅིག་གི་སྲིས་བྱུས་དང་། ཁ་བྲལ་གྱི་ལས་འགུལ་མཚམས་འཇོག ཅེས་སོགས་འཁོད་པའི་འཕྲེད་དར་འཁྱེར་ནས་ངོ་བརྒོལ་སྐད་འབོད་ཤུགས་ཆེ་བྱས་འདུག
ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀའི་ནང་གཞུང་འབྲེལ་ཕྱོགས་ཕེབས་ཆེས་ཐོག་མ་ཡིན་ཡང་རྒྱ་ནག་གཞུང་གིས་འཕྲལ་མར་ཡུལ་དེའི་སྲིད་གཞུང་དང་མཐོ་སློབ་ཀྱི་རིགས་བདག་སོགས་བརྒྱུད་མཐོ་སློབ་ཏུ་ལོ་ལྟར་རྒྱ་ནག་གཞུང་གི་རོགས་དངུལ་སྤྲོད་རྒྱུ་དེ་མཚམས་འཇོག་བྱ་རྒྱུ་མ་ཟད། ཡུལ་དེའི་ནང་རྒྱ་ནག་ཚོང་ལས་མ་འཛུགས་བྱ་རྒྱུ་མིན་པའི་ཉེན་བརྡ་སོགས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀའི་ནང་གཞུང་འབྲེལ་ལས་དོན་སྤེལ་རྒྱུར་འགོག་རྐྱེན་བཟོ་ཐབས་བྱས་ཡོད་པར་བརྟེན་ཡུལ་དེའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ Sandy Kalyan མཆོག་གིས། རྒྱ་ནག་གཞུང་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀ་ཕེབས་པར་ངོ་རྒོལ་བྱས་པ་ནི་ཕྲུ་གུའི་རྙོག་གྲ་བཤད་པ་དང་གཅིག་མཚུངས་ཡིན། ཞེས་རྒྱ་ནག་གཞུང་གི་བྱེད་བབ་ལ་དེ་རིང་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
དེ་ཡང་ལྕམ་སྐུ་མཆོག་གིས། ང་ཚོས་རྒྱ་ནག་གཞུང་གི་གཡོ་བྱུས་འོག་གནོན་ཤུགས་དེ་རིགས་འཁྱེར་ཐུབ་ཐབས་རྩ་བ་ནས་མེད། གལ་ཏེ་རྒྱ་ནག་གཞུང་གིས་ཡུལ་འདིར་ཚོང་འབྲེལ་བྱ་འདོད་མེད་ཚེ་འདིར་སྡོད་དགོས་མེད། ཕར་ལོག་ཕྱིན་ན་འགྲིག་པ་རེད། ཨ་ཕི་རི་ཀའི་གླིང་ཆེན་གྱི་མངའ་ཁོངས་མིན་པ་ཕྱི་ནས་ང་ཚོར་གནོན་ཤུགས་སྤྲོད་རྒྱུའི་དུས་ཚོད་དེ་སྔ་ནས་རྫོགས་ཟིན། ཞེས་གསུངས།
དེ་ཡང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཡུལ་དེའི་ཕྱི་དྲིལ་ལས་ཁུངས་ The Department of International Relations and Cooperation ནས་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་ལ་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱོགས་ཕེབས་ཀྱི་གནད་དོན་དེ་མངོན་ཆུང་བྱེད་དགོས་པའི་ཉེན་བརྡའང་བཏང་འདུག དེར་བརྟེན་ཡུལ་དེའི་གྲོས་ཚོགས་ཀྱི་མང་གཙོ་མནའ་འབྲེལ་ཚོགས་པས་ཕྱི་དྲིལ་ལས་ཁུངས་ལ་ DIRCO རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཛུ་མའི་སྲིད་གཞུང་གིས་ཐེངས་འདིར་མཐོ་སློབ་ཁང་དང་སྐུ་ཚབ་དོན་ཁང་སོགས་ལ་ཉེན་བརྡ་གཏོང་དགོས་པའི་རྒྱུ་མཚན་གསལ་བཤད་དང་། སྲིད་གཞུང་གིས་རྒྱ་ནག་གཞུང་ལ་མ་འོངས་པར་བོད་མི་རྣམས་ཡུལ་འདིའི་ནང་ཡོང་རྒྱུར་འགོག་རྐྱེན་བཟོ་རྒྱུའི་ཁས་ལེན་བྱས་པའི་སྐོར་གསལ་བཤད་ངེས་པར་དུ་དགོས་པའི་ཡེ་གེ་གཏོང་རྒྱུ་ཡིན་འདུག བྱེད་བབ་འདི་ནི་ཡུལ་འདིའི་རྩ་ཁྲིམས་ཀྱི་འབྲུ་དོན་དང་ཡོངས་སུ་བརྒལ་བ་ཞིག་ཡིན་པ་ལྕམ་སྐུ་མཆོག་གིས་གསུངས།
སྤྱིར་ལྕམ་སྐུ་མཆོག་སྔ་ལོར་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་སུ་མཉམ་ཞུགས་གནང་ཆེད་བཞུགས་སྒར་དུ་ཕེབས་ཡོད་འདུག