ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །འདི་གར་སྐབས་ ༡༦ པའི་གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། བ་ར་ཚེ་དབང་བཀྲ་ཤིས་ལགས་ཐུན་མོང་ནས་བཏང་གནས་ནང་འཁོད་དོན། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༤ ཉིན་དགོངས་པ་བོན་དབྱིངས་སུ་ཐིམ་པའི་རྗེས་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་བཀའ་དགོངས་ལམ་སྟོན་དང་། སྔར་སྲོལ་སྨན་རི་བའི་ལམ་ལུགས་གཞིར་བཟུང་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རྩ་གསུམ་ལྷ་དང་སྲུང་མར་བདེན་པ་བདར་ཏེ་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་གསར་བསྐོའི་རྟགས་སྒྲིལ་གྱི་སྔོན་དངོས་མཇུག་གསུམ་ཡོངས་སུ་གྲུབ་ཟིན་རྗེས་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྔོན་གནང་ལྟར། ད་ལན་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་ཧོར་ཟླ་དང་པོའི་ཚེས་ལྔ། རྣམ་འདྲེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་འཁྲུངས་མཆོད་ཀྱི་སྐལ་བཟང་དུས་ཚེས་དགེ་བའི་ཉིན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་མངའ་གསོལ་ཁྲི་བཞེངས་ཀྱི་མཛད་སྒོ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཚུགས་གནང་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་༸སྐྱབས་རྗེ་མཆོག་༸དཔལ་ལྡན་སྨན་རིའི་བླ་བྲང་ནས་དུང་རྒྱ་སྤོས་སྣེས་གདན་ཞུས་ཀྱིས་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་མོར་༸ཞབས་སོར་འཁོད་མཚམས་བཞུགས་གསོལ་ཚིག་བཤད་དང་བསྟུན་རྒྱལ་བ་སྨན་རི་བའི་གསེར་ཁྲི་རིན་པོ་ཆེར་བཞུགས་སུ་གསོལ་མཚམས་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་སྐུ་ཚབ། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག སྨན་རིའི་བཤད་སྒྲུབ་མཁན་སློབ་སོགས་བླ་སྤྲུལ་ཆེ་ཁག དཔལ་ས་སྐྱ་སྒྲོལ་མ་ཕོ་བྲང་དང་དགོན་སྡེའི་སྐུ་ཚབ། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག གཡུང་དྲུང་བོན་གྱི་སྤྱི་འཐུས་གཉིས། གདན་ས་ཆེན་པོ་ཁྲི་བརྟན་ནོར་བུ་རྩེ་སོགས་བྱེས་འཁོད་བོན་གྱི་དགོན་སྡེ་དང་ཕྱི་རྒྱལ་གྱི་བོན་ཚོགས་ཁག བོན་གངས་ཅན་ཞིང་གི་དགོན་སྡེ་གྲྭ་ཚང་དང་གལ་ཆེའི་ཚོགས་སྡེ་མང་པོ་བཅས་ཀྱི་འཐུས་མི་དང་ངོ་ཚབ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དྲུང་ཆེ་དང་ལྡི་ལི་དོན་གཅོད་དྲུང་ཆེས་གཙོས་གལ་ཆེའི་མི་སྣ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་དང་། བཀྲ་ཤིས་པའི་རྟགས་བརྒྱད། ན་བཟའ་གོས་དྲུག་སོགས་འབུལ་དངོས་འདེགས་འབུལ་གྱིས་མཇལ་ཞུ་གྲུབ་མཚམས།
མཛད་སྒོར་ཆེད་དུ་གདན་ཞུ་གནང་བའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བཀའ་ཤག་གི་འཚམས་ཞུའི་གསུང་འཕྲིན་སྙན་སྒྲོན་དང་། ༸སྐྱབས་རྗེ་ཁྲི་འཛིན་ ༣༤ པ་མཆོག་གི་སྐུ་ཚེའི་མཛད་པ་ལས་འཕྲོས་ནས་ཁྲི་འཛིན་གསར་སྐོའི་ལམ་ལུགས་རྣམས་ཐུགས་བློ་ཁེངས་ངེས་བྱུང་སྐོར་དང་། ༸སྐྱབས་རྗེ་ཞིང་གཤེགས་ཁྲི་འཛིན་ ༣༣ པ་མཆོག་གི་དགོངས་བཞེད་གཞིར་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས། རིས་སུ་མ་ཆད་པའི་ཆོས་ལུགས་གྲུབ་མཐའ་ཁག་ལ་མཐུན་སྒྲིལ། བཤད་སྒྲུབ་བསྟན་པ་མི་ཉམས་རྒྱུན་འཛིན་བཅས་སོགས་ཀྱི་སྐུལ་འདེབས་དང་། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་སྔར་བཞིན་མཐུན་འགྱུར་སྡོང་གྲོགས་གང་ཐུབ་ཞུ་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གིས་ཁོང་ཉིད་ཡི་དམ་ལྷ་དང་སྲུང་མས་ཆེད་དུ་བསྐོས་པ་མ་ཟད། གལ་ཆེའི་གནད་ཡོད་མི་སྣ་དང་རིས་སུ་མ་ཆད་པའི་ཆོས་སྡེ་དགོན་ཁག ལྷག་པར་དུ་བོན་ཕྱི་ནང་གཉིས་ཀྱི་བོན་པོ་རྣམས་ནས་འཚམས་ཞུ་དང་ཡིད་ཆེས་གནང་བ་སོགས་ལ་བརྟེན་མ་འོངས་པའི་མཛད་འཕྲིན་བསྐྱང་རྒྱུར་སྤོབས་པ་སྐྱེས་གནང་སྐོར་དང་། ༸གོང་ས་མཆོག་དང་རང་གཞུང་ལ་དབུ་འོག་དཔུང་འདེགས་ཁྲི་འཛིན་གོང་མའི་དུས་བཞིན་ཞུ་རྒྱུ། སླད་མར་ཡང་བོན་གྱི་སྡོང་གྲོགས་བོན་གྱིས་མཛད་ཅེས་པ་ལྟར་བོན་པོ་ཡོངས་ཀྱིས་བསྟན་པ་གཅིག་དང་། དམ་ཚིག་གཅིག་གི་ངོ་བོའི་ཐོག་ནས་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་མཐུན་རྐྱེན་སྡོང་གྲོགས་དང་། མཐུན་སྒྲིལ་དམ་ཟབ་དགོས་པ་བཅས་ཀྱི་ཟབ་གསལ་བཀའ་སློབ་བསྩལ།
དེ་རྗེས་བོད་ཕྱི་ནང་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ནས་ཁྲི་བཞེངས་མཛད་སྒོར་ཆེད་བཅར་ཞུས་པ་རྣམས་དང་། བོན་གཞིས་ཀྱི་སེར་སྐྱ་མི་མང་ཡོངས་ལ་མཇལ་ཁ་བསྩལ་བ་མ་ཟད། ༸སྐྱབས་རྗེ་མཆོག་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས་མཛད་སྒོ་དང་། རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་དུས་ཆེན་གྱི་ཚོགས་མགོན་དུ་ཐེངས་དང་པོར་༸ཞབས་སོར་བཀོད་གནང་མཛད།
གུང་ཡོལ་ཆུ་ཚོད་ ༢།༠༠ ནས་ ༥།༣༠ བར་༸སྐྱབས་རྗེ་མཆོག་སྨན་རིའི་སྒྲུབ་ཁང་དབང་དྲག་ཕོ་བྲང་དང་། སྨན་རིའི་བླ་བྲང་། ལྷ་རྒྱལ་རི། བཤད་སྒྲུབ་འདུས་སྡེ། གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་། གསོ་རིག་འབུམ་བཞིའི་མཐོ་སློབ། བཙུན་དགོན་རཏྞ་སྨན་གླིང་བཅས་སུ་གདན་ཞུས་ཀྱིས་བཞུགས་ཁྲི་རྣམས་ལ་མངའ་གསོལ་ཁྲི་བཞེངས་རིམ་བཞིན་ཞུས་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ། །