ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༦ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཚོགས་འདུ་ཐེངས་ ༣༧ སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ནང་ཚོགས་པ་དང་བསྟུན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཙོ་གྲས་ཁག་གཅིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་ཞུ་ཡིག་ཅིག་ཕུལ་ཡོད།
དེ་ཡང་ཞུ་ཡིག་ནང་འཁོད་དོན་ལྟར་ན། རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་ཆེད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་བཀོད་ཡོད་པ་མ་ཟད།ཞུ་ཡིག་དེའི་ནང་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ལྔའི་མཚན་ཟུར་འདོན་ཞུས་ཡོད་པ་གཤམ་གསལ།
༡། ནོ་བེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ལིག་ཤའོ་པོའི་ Liu Xiaobo ལྕམ་ལིག་ཤཱ་ Liu Xia ལགས་དང་།
༢། རྒྱ་རིགས་ཁྲིམས་རྩོད་པ་ཝང་ཆུན་ཀྲང་ Wang Quanzhang ལགས།
༣། རྒྱ་རིགས་སུ་ཝེ་ཌེན་གྱི་མི་སེར་ཡིན་པ་གྷོས་མིན་ཧེད་Gui Minhai ལགས།
༤། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས།
༥ རྒྱ་རིགས་ཁྲིམས་རྩོད་པ་གྲགས་ཅན་ཡུ་ཝན་སྲིང་ Yu Wensheng ལགས་བཅས་ཡིན། ཞུ་ཡིག་འབྲི་མཁན་ཡོངས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་པ་ལྟར་ན། ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་བྱས་པ་ནས་བཟུང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་ཕྱིན་ཡོད་པའི་སྐོར་བརྗོད་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེ་དག་གིས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། གོང་འཕེལ་གཏོང་དགོས་པའི་རེ་སྐུལ་ཞུས་ཡོད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ལ་བརྩི་སྲུང་དང་ལག་བསྟར་ཞུ་དགོས་པའི་འབོད་སྐུལ་གནང་འདུག་པ་དང་བཅས། །་