༢༠༡༨ ཟླ་ ༢ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་རབ་གནས་ས་ཁྱི་ལོའི་ལོའི་བོད་ལུགས་ལོ་གསར་དང་། རྒྱ་ལུགས་ལོ་གསར་འཆར་ལ་ཉེ་བའི་སྐབས་སྟེ་ ༢༠༡༨ ཟླ་བ་ ༢ ཚེས་ ༩ ཉིན་གྱི་མཚན་མོར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་ཝ་ཤིང་ཊོན་ཌི་སི་དང་། མལ་རེ་ལན་ཌི་ཁུལ་གྱི་རྒྱ་རིགས་ཤེས་ཡོན་ཅན་དང་རྩོམ་པ་པོ། མང་གཙོ་དོན་གཉེར་བ། གསར་འགོད་པ་བཅས་ཁག་ཅིག་དོན་ཁང་དུ་ཆེད་མངགས་མགྲོན་འབོད་ཀྱིས་ཁོང་རྣམས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
སྐབས་དེར་ཐོག་མར་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ནས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ ༢༠༡༨ ལོ་ནི་རྒྱ་གར་གཞུང་མང་གཙོས་རྒྱལ་སྤྱིའི་ཁྱོན་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་གཏན་འཁེལ་བ་ལྟར་ཟླ་བ་ ༣ ནས་ཐུགས་རྗེ་ཆེ་ཞུའི་ལས་གཞི་དངོས་སུ་འགོ་འཛུགས་གནང་རྒྱུ་ཡིན་ཡང་། དོན་གཅོད་ཁང་ནས་ཕྲན་བུའི་སྔ་བསྣུར་ཐོག་རྒྱ་རིགས་ཁོང་རྣམས་ལ་ཐུགས་རྗེ་ཆེ་ཞུ་དང་སྦྲགས་སྐུ་ཚབ་དོན་གཅོད་གསར་པ་དངོས་གྲུབ་ཚེ་རིང་ལགས་ངོ་སྤྲོད་ཞུས་ཡོད། ངོ་སྤྲོད་གནང་མཁན་དྲུང་ཆེ་ཀུན་དགའ་བཀྲ་ཤིས་ལགས་ཡིན། གཞན་ཡང་སྐབས་དེར་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ནས་གསུང་བཤད་མདོར་བསྡུས་ཤིག་གནང་བའི་སྙིང་དོན།
བོད་མིའི་སྒྲིག་འཛུགས་ནས་ ༢༠༡༨ ལོ་ནི་རྒྱལ་སྤྱིའི་ཁྱོན་དུ་ཐུགས་རྗེ་ཆེ་ཞུ་རྒྱུའི་ལོར་གཏན་འབེབས་གནང་བ་བཞིན་དེ་རིང་གོ་སྐབས་འདི་རྒྱུད་ཁྱེད་རྣམས་(རྒྱ་རིགས་གྲོགས་པོ།)ཀྱིས་བོད་དང་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། དོན་གཅོད་ཁོང་ནས་སྐུ་ཚབ་དོན་གཅོད་ཁང་གི་ལས་འགན་ཆེ་བ་གསུམ་ཡོད་པའི་ཁྲོད་ནས་གཅིག་ནི་རྒྱ་རིགས་གྲོགས་པོ་རྣམས་ལ་འབྲེལ་བ་བྱ་རྒྱུ་ཡིན་སྐོར་དང་། བོད་མིའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་དང་རྒྱུན་སྐྱོང་བྱེད་བཞིན་ཡོད་པ། བོད་མིའི་འཐབ་རྩོད་ཀྱི་ངོ་བོ་ནི་རྒྱ་མི་རིགས་ལ་ངོ་རྒོལ་བྱ་རྒྱུ་རྩ་བ་ནས་མིན་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་དུ་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་ཨོ་ལམ་པིག་ཚོགས་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་མཛད་པའི་སྐོར་གསལ་བཤད་གནང་།
ལྷག་པར་རྒྱ་རིགས་མང་གཙོ་དོན་གཉེར་བ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་མཆོག་ལའང་གཟེངས་རྟགས་དེ་ཐོབ་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་གཉིས་ཀས་རྒྱབ་སྐྱོར་ཤུགས་ཆེ་མཛད་པའི་བརྒྱུད་རིམ་གསལ་བཤད་དང་སྦྲགས།
བོད་མི་ཚོས་རྒྱ་མི་རིགས་གཉེན་དུ་བརྩི་ནས་བོད་རྒྱ་མི་རིགས་གཉིས་དབར་འཆམ་མཐུན་རྒྱུན་སྐྱོང་བྱ་རྒྱུའི་ཀུན་སློང་འཆང་བཞིན་ཡོད་པ་ཙམ་དུ་མ་ཟད་མཛའ་བརྩེའི་འབྲེལ་བ་གོང་མཐོར་གཏོང་ཆེད་འབད་བརྩོན་ཞུས་དང་ཞུ་མུས་ཡིན་སྐོར་གསུངས། མཐར་སྐུ་ཚབ་དོན་གཅོད་ནས་༸གོང་ས་མཆོག་གི་མཛད་རྣམ་འཁོད་པའི་ ༢༠༡༨ ལོ་ཐོ་གསར་པ་ཕུལ་བ་དང་། ༸གོང་ས་མཆོག་གི་མཚན་རྟགས་འཁོད་པའི་ལོ་གསར་གྱི་གཤིས་ཤོག་རེ་གནང་སྟེ་ལོ་གསར་པར་འཚམས་འདྲི་གཟབ་རྒྱས་གནང་འདུག
ཐེངས་འདིའི་འདུ་འཛོམས་ལ་ཞིང་གཤེགས་རྒྱ་ནག་གི་སྲིད་བློན་ཀྲའོ་ཙེ་ཡང་དང་མཉམ་དུ་ཕྱག་ལས་གནང་མྱོང་མམཁན་ YAN JIAQI དང་། གྲགས་ཅན་རྩོམ་པ་པོ་ SU XIAOKANG དང་། ZHENG YI གནམ་བདེ་སྒོ་མོ་ཆེའི་མང་གཙོའི་ལས་འགུལ་གྱི་འགོ་ཁྲིད་ WANG DAN རྩོམ་པ་པོ་དང་གཞས་མ་ BEI MING གཞོན་སྐྱེས་རྩོམ་པ་པོ་ QIN WEIPING སོགས་ཝ་ཤིང་ཊོན་ཌི་སི་དང་། མལ་རེ་ལན་ཌི་ཁུལ་གྱི་རྒྱ་རིགས་ཉི་བཤུ་རྩ་ལྔ་ཙམ་ཕེབས་ཡོད་ཅིང་།
གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་ཀྱང་འདུ་འཛོམས་ལ་མཉམ་ཞུགས་གནང་ཡོད།
རྒྱ་རིགས་ཚོས་གསུང་བཤད་གནང་སྐབས། རྒྱ་ནག་གཞུང་གིས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐུབ་པ་དགོས་རྒྱུ་དེ་བོད་ཀྱི་གནད་དོན་ཐག་གཅོད་ཡོང་རྒྱུར་ཧ་ཅང་གི་གནད་འགག་ཆེན་པོ་ཆགས་ཡོད་པའི་སྐོར་དང་། རྒྱ་བོད་མི་རིགས་གཉིས་ཡོད་བཞིན་འབྲེལ་བ་རྒྱུན་མཐུད་གནས་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར། མང་གཙོ་ཞེས་པའི་ཚིག་དེ་གལ་ཆེ་ཞིང་རྣ་བར་སྙན་པོ་ཡོད་ཀྱང་། བོད་ལ་མཚོན་ན་དེ་ལས་གལ་ཆེ་བ་ནི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ཞིང་། དེ་ནི་བོད་མི་རིགས་འཚོ་གནས་ཐུབ་པར་བྱ་རྒྱུའི་འགག་རྩ་ཡིན་སྐོར་གསུངས།
སྐུ་ཚབ་དོན་གཅོད་ཁང་ནས་འབོད་སྐུལ་ཞུས་པ་བཞིན་འདུ་འཛོམས་ཐོག་བོད་ཀྱི་ཟློས་གར་ཟུར་པ་ཀརྨ་རྒྱལ་མཚན་ལགས་དང་། བཀྲ་ཤིས་དབྱངས་འཛོམས་ལགས་ནས་བོད་ཀྱི་སྲོལ་རྒྱུན་གླུ་གཞས་གཟིགས་འབུལ་ཞུས་པར་རྒྱ་རིགས་ཚོས་ཧ་ཅང་དགའ་མོས་ཆེན་པོ་བྱས་ཡོད་པ་བཅས།།