ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་གིས་ཟླ་བ་ ༢ ཚེས་ ༢ ནས་ ༥ བར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཆེད་ཕེབས་ཀྱིས་འཁོན་རིགས་བསྟན་པའི་མངའ་བདག་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཇལ་བཅར་ཞུ་རྒྱུ་དང་། ༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་དབུ་བཞུགས་ཀྱི་གསོལ་སྟོན་ལ་བཅར་རྒྱུ། སློབ་གྲྭ་ཁག་གཉིས་ལ་གཟིགས་སྐོར། ཀརྨ་ཐེག་གསུམ་ཆོས་གླིང་དགོན་དུ་ཕེབས་རྒྱུ། རྒྱ་རིགས་དགེ་རྒན་ཆེན་མོ་མཇལ་རྒྱུ་བཅས་ཀྱི་ལས་རིམ་ཁག་རེ་ཞིག་ལེགས་པར་གྲུབ།
དེ་ཡང་སྐུ་ཚབ་དོན་གཅོད་མཆོག་གིས། ཕྱི་ཚེས་ ༢ ཉིན་ནིའུ་ཡོག་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་རྒྱ་རིགས་དགེ་རྒན་ཆེན་མོ་ཤ་མིང་ MING XIA མཇལ་སྟེ། རྒྱ་ནག་ནང་གི་ད་ལྟའི་ཆབ་སྲིད་དང་། དཔལ་འབྱོར་གནས་སྟངས་མཁྱེན་རྟོགས་དང་འབྲེལ་ཁོང་གིས་ཡུན་རིང་བོད་དོན་ཐོག་ཐུགས་སྣང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། དགེ་ཆེ་ཤ་མིང་གིས་ཀྱང་བོད་དོན་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རྒྱུ་ནི། ཁོང་གི་འགྱུར་བ་མེད་པའི་དམ་བཅའ་ཡིན་པས་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་དང་། ༧གོང་ས་མཆོག་དང་བོད་དོན་སྐོར་ཁོང་གིས་ཕྱག་དེབ་ཅིག་འབྲི་བཞིན་ཡོད་པ་འདི་གང་མགྱོགས་ཚར་བ་གནང་རྒྱུ་ཡིན་པའི་སྙན་སེང་ཞུས།
ཕྱི་ཚེས་ ༣ ཉིན་ནིའུ་ཡོག་གྲོང་སྟོད་དུ་ཆགས་པའི་བརྩེ་ཆེན་ཀུན་ཁྱབ་གླིང་དུ་ཆེད་ཕེབས་ཀྱིས་འཁོན་རིགས་བསྟན་པའིི་མངའ་བདག་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཇལ་བཅར་གྱིས་ཉིན་གུང་གསོལ་ཚིགས་ལྷན་རྒྱས་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་བ་དམ་འཛིན་གྱིས་རིན་པོ་ཆེ་མཆོག་ལ་སྐུ་ཚབ་དོན་གཅོད་ཁང་གི་ལས་དོན་བྱེད་ཕྱོགས་སྤྱི་དང་། ཡང་སྒོས་བྱང་ཨ་རིའི་ཁུལ་གྱི་རང་རིགས་གཞོན་སྐྱེས་མི་རབས་ཚོས་གང་འདྲ་བྱས་ཏེ་བོད་ཀྱི་སྐད་ཡིག་མ་བརྗེད་པ་བྱེད་ཐབས་སྐོར་ལ་བསམ་གཞིགས་འབད་བརྩོན་གནང་མུས་ཡིན་པའི་སྐོར་སྙན་སེང་ཞུས་ཤིང་། རིན་པོ་ཆེ་མཆོག་གིས་རྒྱུན་ལྡན་ནས་བོད་ཀྱི་སྐད་ཡིག་གལ་ཆེ་ཡིན་པ་སོགས་ཀྱི་བླང་དོར་བཀའ་སློབ་གནང་མུས་ལྟར། འབྱུང་འགྱུར་ཡང་གཞོན་སྐྱེས་མི་རབས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་སློབ་སྦྱོང་བྱེད་དགོས་པའི་གལ་ཆེའི་རང་བཞིན་སྐོར་སྔར་བཞིན་བཀའ་སློབ་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས། གཞན་ཡང་ཟླ་བ་ལྔ་པའི་ནང་རིན་པོ་ཆེ་མཆོག་ DC ཁུལ་དུ་མཛད་རིམ་ཡོད་པ་དེ་སྐབས་སྐུ་ཚབ་དོན་གཅོད་ཁང་དུ་འཁྱུག་ཙམ་ཞབས་བཅག་གནང་ཡོང་བའི་གསོལ་འདེབས་སྙན་སེང་ཞུས་པར་ཞལ་བཞེས་ཐོབ།
དེ་ཉིན་དགོང་དྲོ་རྒྱ་གྲོང་ FLUSHING དུ་ཡོད་པའི་ཟླ་སྣང་ཐེབས་རྩ་ཁང་གི་བླ་མ་ཚེ་དབང་ལགས་ཀྱིས་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་དབུ་བཞུགས་ཐོག་ས་ཁྱི་གནམ་ལོ་གསར་པ་སྔོན་བསུས་ཀྱི་དགོང་དྲོའི་གསོལ་སྟོན་ལ་སྐུ་ཚབ་དོན་གཅོད་མགྲོན་འབོད་གནང་བ་བཞིན་ཆེད་ཕེབས་གནང་། གསོལ་སྟོན་ཐོག་ནིའུ་ཡོག་དང་ནིའུ་འཇར་སི་ཁུལ་གྱི་ཆོས་ཚོགས་ཁག་གི་བླ་སྤྲུལ་དགེ་བཤེས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགོ་ཁྲིད། རྒྱ་རིགས་དང་། རྒྱ་གར་བ། འབྲུག་པ་སོགས་ཁྱོན་མི་གྲངས་ཉིས་བརྒྱ་ཙམ་གསོལ་སྟོན་ལ་ཕེབས་ཡོད། སྐབས་དེར་ཡང་སྐུ་ཚབ་དོན་གཅོད་ཀྱིས་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་གཞོན་སྐྱེས་མི་རབས་ཚོས་བོད་ཀྱི་སྐད་ཡིག་ཤེས་པ་བཟོ་ཐབས་སྐོར་བསམ་གཞིགས་དང་། སྒོ་གང་ས་ནས་འབད་བརྩོན་གནང་མུས་ཡིན་པའི་སྐོར་སྙན་སེང་ཞུས་པར། རིན་པོ་ཆེ་མཆོག་གིས་ཐུགས་སྣང་ཆེན་པོ་དང་འབྲེལ་སྐད་ཡིག་ཐོག་གི་ཆེད་ལས་མི་སྣ་ངོ་སྤྲོད་མཚམས་སྦྱོར་གནང་།
ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་གཟའ་མཇུག་སློབ་གྲྭའི་ཕ་མའི་ཚོགས་ཆུང་དང་། དགེ་རྒན། ཕྲུ་གུ་བཅས་གསུམ་བརྒྱ་ཙམ་ངོ་མཇལ་དང་། སློབ་ཕྲུག་གི་རིག་གཞུང་འཁྲབ་སྟོན་ཐུགས་ཞིབ་གནང་། དོན་གཅོད་མཆོག་གིས་དགེ་སློབ་ལས་བྱེད་ཡོངས་ལ་གསུང་བཤད་གནང་དོན། ཕྲུ་གུ་ཚོས་བོད་ཀྱི་སྐད་ཡིག་ཤེས་པ་བྱེད་པར་དགེ་རྒན་དང་། དོ་བདག་ཕྲུ་གུའི་འབད་བརྩོན་ཐོག་ཕ་མ་རང་ངོས་ནས་ཐུགས་འཁུར་ཆེ་བཞེས་དགོས་པའི་གལ་ཆེའི་རང་བཞིན་སྐོར་དང་། ཨ་རི་དང་ཁེ་ན་ཌ་གཞུང་གི་གྲོས་ཚོགས་ལ་འབྲེལ་བ་ཞུ་རྒྱུ་དང་། བྱང་ཨ་རིའི་ཁུལ་གྱི་བོད་པའི་སྤྱི་ཚོགས་ལ་འབྲེལ་བ་ཞུ་རྒྱུ། རྒྱ་རིགས་ལ་འབྲེལ་བ་ཞུ་རྒྱུ་བཅས་ནི་སྐུ་ཚབ་དོན་ཁང་གི་ལས་འགན་གཙོ་ཆེ་བ་གསུམ་ཡིན་ཀྱང་། རང་རིགས་གཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་སློབ་སྦྱོང་སྤྲོད་རྒྱུར་ཡར་རྒྱས་གཏོང་ཕྱོགས་ལ་སྒོ་གང་ས་ནས་ཤུགས་སྣོན་རྒྱག་རྒྱུ་ནི། དེ་ལས་ཀྱང་དོན་ཁང་གི་ལས་འགན་གལ་ཆེན་པོར་ངོས་འཛིན་གནང་གི་ཡོད་པའི་སྐོར། གཟའ་མཇུག་སྐད་ཡིག་སློབ་གྲྭ་ཡོད་སའི་ས་གནས་ཁག་གི་བོད་མི་ཚོས་སོ་སོའི་ཕྲུ་གུ་གཟའ་མཇུག་སྐད་ཡིག་སློབ་གྲྭར་གཏོང་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་གསུང་པ་མ་ཟད། མཇུག་ཏུ། བརྗེད་མི་རུང་བ་གསུམ་སྟེ། རང་ཉིད་བོད་པ་ཡིན་པ་མ་བརྗེད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་མ་བརྗེད་པ། བོད་མིའི་སྒྲིག་འཛུགས་མ་བརྗེད་པ་བཅས་བྱས་ནས་ཚང་མས་བོད་སྤྱི་པའི་དོན་དག་ལ་འཁུར་ཆེ་ཙམ་བཞེས་ནས་ཆིག་སྒྲིལ་ལ་གནོད་གཞིའི་རིགས་ཉུང་དུ་གཏོང་དགོས་པ་དང་། ཆིག་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་གནང་།
ཉིན་རྒྱབ་ཡིན་ད་ཡིན་ YindaYin ཞེས་པའི་སྒེར་གཉེར་སློབ་གྲྭ་ཞིག་ལ་གཟིགས་སྐོར་གནང་། སྒེར་གཉེར་སློབ་གྲྭ་དེ་བཙུགས་ནས་ལོ་གསུམ་ཙམ་འགྲོ་གི་ཡོད་པ་དང་། གཙོ་བོ་བོད་པའི་སློབ་ཕྲུག་རྒན་པ་དང་། ཕྲུ་གུ་ཆུང་ངུ་ཚོར་བོད་ཀྱི་སྐད་ཡིག་དང་། རོལ་དབྱངས་སློབ་ཁྲིད། སློབ་ཕྲུག་རྒན་པ་རྣམས་ལ་སློབ་ཆེན་འདེམ་རྒྱུ་དང་། གོ་སྐབས་ཇི་ཡོད་སོགས་ཀྱི་སྐོར་ལ་མདུན་ལམ་སློབ་སྟོན་གནང་གི་ཡོད་འདུག སློབ་གྲཱའི་འགན་འཁུར་བ་འཆི་མེད་སྒྲོལ་མ་ལགས་དང་། རིན་ཆེན་སྒྲོལ་མ་ལགས་གཉིས་ནས་སློབ་གྲྭ་ཐོག་མར་བཙུགས་པ་ནས་ད་ལྟའི་བར་གྱི་གནས་སྟངས་ངོ་སྤྲོད་གནང་བར། སྐུ་ཚབ་དོན་གཅོད་མཆོག་ནས་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་གནང་བ་མ་ཟད། རྒྱུན་དུ་སྐུ་ཚབ་དོན་གཅོད་ཁང་དང་སློབ་གྲྭའི་དབར་འབྲེལ་བ་དམ་ཟབ་འཇོག་དགོས་པ་དང་། དོན་ཁང་གི་ངོས་ནས་ལམ་སེང་དཔལ་འབྱོར་གྱི་རྒྱབ་གཉེར་གནང་ཡས་མེད་ཀྱང་། བསམ་བློའི་ཐོག་ནས་གང་ཐུབ་ཀྱི་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། སྐབས་མཚམས་སོ་སོར་ཞུ་ཐུབ་པ་ཇི་ཡོད་གང་ཐུབ་ཞུ་རྒྱུ་ཡིན་ཅེས་གསུངས།
ཕྱི་ཚེས་ ༥ ཉིན་ནིའུ་ཡོག་གྲོང་ཁྱེར་ནས་ཆུ་ཚོད་གཉིས་ཀྱི་ལམ་ཐག་ཡོད་པའི་ཀརྨ་ཐེག་གསུམ་ཆོས་གླིང་དགོན་དུ་ཕེབས་ནས་ཐོག་མར་དགོན་པའི་འདུ་ཁང་དང་། གཟིམ་ཆུང་ལ་གནས་གཟིགས་དང་། དེ་ནས་འབྲེལ་ཡོད་མཁན་པོ་ལས་སྣེ་མཇལ་སྟེ། སྐུ་ཚབ་དོན་ཁང་གི་ངོས་ནས་བྱང་ཨ་རིའི་ཁུལ་གྱི་གཞོན་སྐྱེས་རྣམས་ལ་དུས་ཐུང་ཟབ་སྦྱོང་དང་། དབྱར་སེང་ལས་གཞི་སོགས་ཐབས་ལམ་སྣ་ཚོགས་ཐོག་ནས་བོད་ཀྱི་སྐད་ཡིག་སློབ་སྦྱོང་སྤྲོད་རྒྱུར་ཤུགས་སྣོན་རྒྱག་བཞིན་ཡོད་པས་དེའི་ཐོག་དགོན་པའི་ངོས་ནས་མཐུན་འགྱུར་རོགས་རམ་ཡོང་བའི་བཀའ་མོལ་ཞུས། རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནས་དགོན་པར་བཀའ་མངགས་གནང་དོན་ལྟར་དགོན་པའི་མཁན་པོ་ལས་སྣེ་ཚོས་རང་རིགས་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་རྒྱུ་ནི་ཧ་ཅང་གི་གལ་གནད་ཆེ་བར་བརྟེན། འཛིན་ཁང་དང་ཟས་སྡོད་ཀྱི་ཐོག་མཐུན་རྐྱེན་གང་ཐུབ་སྦྱོར་རྒྱུའི་ཞལ་བཞེས་གནང་། སྐུ་ཚབ་དོན་གཅོད་མཆོག་ནས་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་རྒྱ་གར་གཞུང་གི་གནད་ཡོད་དཔོན་རིགས་ལ་ཡང་འཚམས་འདྲི་དང་མཇལ་མོལ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ། །