༢༠༡༨ ཟླ་ ༢ ཚེས་ ༥ རེས་གཟའ་ཟླ་བ།
༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་རྣམ་གཉིས་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནང་ཉིན་གཉིས་རིང་གི་གཞུང་འབྲེལ་གཟིགས་སྐོར་དུ་འབྱོར་འདུག
དེ་ཡང་ནང་སྲིད་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཀྱི་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ཁྱབ་ཁོངས་བོད་མིའི་གཞིས་ཆགས་མེའོ་ཆོས་འཕེལ་གླིང་དང་། ཀྲུ་ཀྲིང་། ཏེ་ཛུ་དར་རྒྱས་གླིང་བཅས་སུ་བདུན་ཕྲག་གཉིས་རིང་འཚམས་གཟིགས་ལེགས་པར་གྲུབ་སྟེ་ཕྱི་ཟླ་ ༢ ཚེས་ ༤ ཉིན་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པཱ་ཝན་ཀུ་མར་ Dr. Pawan Kumar Chamling མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་སྒང་ཏོག་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་དང་། ར་ཝང་ལ་ས་གནས་འགོ་འཛིན་བསྟན་འཛིན་ནོར་ལྡན་ལགས། སྒང་ཏོག་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གི་ Gangtok Municipal Councillor འཐུས་མི་པདྨ་དབང་གྲགས་ལགས། དེ་བཞིན་ས་གནས་བོད་པའི་འགོ་ཁྲིད་ཁག་ཅིག་བཅས་ལྷན་བཅར་ཞུས་འདུག
མཇལ་འཕྲད་སྐབས་བློན་ཆེན་རྣམ་གཉིས་ཕན་ཚུན་འཚམས་འདྲིའི་ཕྱག་རྟགས་འབུལ་རེས་གནང་འདུག སྐབས་དེར་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས། འབྲས་ལྗོངས་མངའ་སྡེར་སྐྱེ་ལྡན་སོ་ནམ་ཐོག་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་རྒྱ་གར་གཞུང་གིས་བསྔགས་བརྗོད་གནང་བ་མ་ཟད། རྒྱ་གར་གྱི་སྐྱེ་ལྡན་སོ་ནམ་གྱི་སྐུ་ཚབ་ཏུ་འདེམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ་དང་སྦྲགས། སྤྱི་ཁྱབ་བློན་ཆེན་མཆོག་གི་འཇོན་ཐང་ཆེ་བའི་སྣེ་ཁྲིད་འོག་འབྲས་ལྗོངས་མངའ་སྡེའི་ནང་གཟེངས་སུ་ཐོན་པའི་བྱས་རྗེས་ཁག་བཞག་པ་ལའང་ཡི་རངས་བསྔགས་བརྗོད་ཞུས་འདུག
ནང་སྲིད་བཀའ་བློན་མཆོག་གིས་འབྲས་ལྗོངས་མངའ་སྡེའི་བློན་ཆེན་མཆོག་ལ་རྒྱ་གར་དབུས་གཞུང་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ Tibetan Rehabilitation Policy- 2014 ཞེས་པ་གཏན་འབེབས་གནང་བ་དེ་རྒྱ་གར་ནང་གི་མངའ་སྡེ་ཁག་ལྔའི་སྲིད་བྱུས་གཏན་འབེབས་ཐོག་ལག་བསྟར་གནང་འགོ་བཙུགས་ཟིན་ཡོད་པས། འབྲས་ལྗོངས་མངའ་སྡེའི་ནང་དུའང་བོད་མི་ཚོའི་བདེ་དོན་ལ་དམིགས་ནས་སྲིད་བྱུས་དེ་ལག་བསྟར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་སྲིད་བྱུས་དེ་མགྱོགས་མྱུར་ལག་བསྟར་གནང་རྒྱུ་ཡིན་ཞེས་ཁས་ལེན་ཡང་གནང་འདུག
གཞན་ཡང་ནང་སྲིད་བཀའ་བློན་མཆོག་གིས་ར་ཝང་ལ་བོད་མིའི་གཞིས་ཆགས་ནང་གི་གཞུང་ལམ་ཁ་སྒྱུར་ཡོང་བ་དང་། དེ་བཞིན་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནང་ཡོད་པའི་བོད་མིའི་ཆེད་ཁྲོམ་ས་ཟུར་དུ་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པར་སྤྱི་ཁྱབ་བློན་ཆེན་མཆོག་གིས་དཀའ་ངལ་དེ་དག་ཐོག་མགྱོགས་མྱུར་མངའ་སྡེའི་བཀའ་ཤག་ལྷན་རྒྱས་སུ་གོ་བསྡུར་གནང་རྒྱུའི་ཁས་ལེན་ཡང་གནང་འདུག།