ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༤ ཉིན་བཞུགས་སྒར་རྡ་སའི་གཙུག་ལག་ཁང་གི་ཉེ་འདབས་སུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དེ་གའི་གསར་ཁང་ནས་དཔར་སྐྲུན་ཞུས་པའི་སྨྱུག་ཐོགས་བོད་མོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་དང་། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཡེ་ཤེས་ཆོས་བཟང་ལགས། སྨྱུག་ཐོགས་བོད་མོ་ཞེས་པའི་དཔེ་དེབ་རྩོམ་པ་པོ་ཆོས་ཉིད་བཟང་པོ་ལགས། དེ་བཞིན་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་ལས་བྱེད་དང་། རྡ་ས་ཁུལ་གྱི་གསར་འགོད་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་རྩོམ་པ་པོ་ཆོས་ཉིད་བཟང་པོ་ལགས་ཀྱིས་དཔེ་དེབ་སྐོར་ངོ་སྤྲོད་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་ མཆོག་གིས་ ༼སྨྱུག་ཐོགས་བོད་མོ།༽ ཞེས་པའི་དཔེ་དེབ་དབུ་འབྱེད་དང་སྦྲགས་གསུང་བཤད་གནང་དོན། བཙན་བྱོལ་ནང་བོད་ཡིག་ཐོག་སྤྱི་ཚོགས་དང་འབྲེལ་བའི་དཔེ་དེབ་དཔར་བསྐྲུན་བྱེད་མཁན་དེ་ཙམ་མེད་པའི་སྐབས་འདིར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་དཔེ་དེབ་དེ་འདྲ་ཞིག་དཔར་བསྐྲུན་ཐུབ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ང་རང་སྒེར་ངོས་ནས་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་དང་། ང་ཚོས་དཔེ་དེབ་དཔར་བསྐྲུན་བྱེད་ཐུབ་པ་ཙམ་མིན་པར་དཔེ་དེབ་དེ་དག་སྤྱི་ཚོགས་སྟེང་ཡོད་པའི་དཔེ་མཛོད་ཁང་དང་། ཤེས་ཡོན་བསྟི་གནས་ཁང་སོགས་ཀྱི་ནང་བགོ་བགྲེམས་ཀྱིས་དཔེ་དེབ་དཔར་བསྐྲུན་ཞུས་པའི་དམིགས་ཡུལ་སྒྲུབ་ཐུབ་པ་ཞིག་དགོས་གལ་ཆེན་པོ་མཐོང། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཤཱན་ཏ་ཀུ་མར་ (Shri Shanta Kumar) མཆོག་གིས་ལྗགས་རྩོམ་མཛད་པའི་ཧི་མཱ་ལ་ཡའི་སྟེང་གི་གྲིབ་གཟུགས་དམར་པོ། (Red Shadow over the Himalayas) ཞེས་པའི་དཔེ་དེབ་དེ་ཕྱི་ལོ་ ༡༩༦༥ ལོར་དཔར་བསྐྲུན་དང་པོ་ཞུས་པ་དང་། དེ་ནས་ ༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༦ ལོར་སླར་ཡང་དཔེ་དེབ་དེ་དབུ་འབྱེད་ཀྱིས་དཔར་བསྐྲུན་གནང་ཡོད་པ་སོགས་ལུང་འདྲེན་གྱིས་དཔེ་དེབ་གང་འདྲ་ཞིག་དཔར་བསྐྲུན་ཞུས་ཀྱང་དེས་དུས་ཚོད་ག་དུས་ཡིན་ཡང་རན་པོ་ཡོད་པའི་ཐོག་ནས་བསྐྱར་དུ་དཔར་བསྐྲུན་ཞུས་ཐུབ་པ་བྱས་ནས་སྤྱི་ཚོགས་ ལ་ཕན་ཐོགས་ཐུབ་ན་ཡག་པོ་ཡོད་ཅེས་དང་།
ཕྱོགས་མཚུངས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཕྱི་ནང་གི་མཛད་སྒོ་ཆེ་ཁག་དང་། དཔེ་དེབ་དབུ་འབྱེད་སོགས་སུ་བཅར་བའི་ཉམས་མྱོང་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ཕྱིའི་དཔེ་དེབ་དབུ་འབྱེད་གནང་སྐབས་མཁས་དབང་དང་། དཔེ་དེབ་ཀྱི་བརྗོད་གཞི་དང་འབྲེལ་བའི་ཞིབ་འཇུག་པ་སོགས་གདན་ཞུས་ཀྱིས་བགྲོ་གླེང་ལྷུགས་པོ་གནང་སྟེ་དཔེ་དེབ་ཀྱི་ནང་དོན་གང་ཙམ་དབུ་འབྱེད་མཛད་སྒོའི་སྐབས་རྟོགས་ཐུབ་པའི་དགེ་མཚན་ལེགས་ཆ་རྣམས་ང་ཚོས་མ་འོངས་པར་དཔེ་ལེན་དགོས་པ་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ལེགས་པར་གྲུབ་གནང་ཡོད།
སྨྱུག་ཐོགས་བོད་མོ་ཞེས་པའི་དཔེ་དེབ་དེའི་ནང་བཙན་བྱོལ་དུ་ཡོད་པའི་སྒེར་དེབ་དཔར་འགྲེམས་བྱས་ཟིན་པའི་བོད་པའི་བུད་མེད་རྩོམ་པ་པོ་བཅོ་ལྔ་དང་། རྩོམ་པ་པོ་དང་ཀློག་པ་པོ་བཅོ་བརྒྱད་བཅས་ཁྱོན་བསྡོམས་བུད་མེད་ཤེས་ལྡན་པ་སུམ་ཅུ་སོ་གསུམ་གྱི་བསམ་ཚུལ་བསྡུས་པའི་དཔེ་དེབ་ཅིག་རེད་འདུག །