ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནུབ་བྱང་ཀ་ཊེ་ཝ་ར་ Katewara རྫོང་དུ་ཡོད་པའི་ Youth Liberation Front of Tibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གིས་ས་གནས་རྒྱ་གར་མི་མང་རྣམས་ལ་བོད་དོན་གོ་རྟོགས་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུག ལས་རིམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་སྐུ་མགྲོན་གྱི་གཙོ་བོ་མགྲོན་འབོད་དང་། དེ་མིན་ས་གནས་ཀྱི་འགོ་དཔོན་དང་། སློབ་དཔོན་བཅས་མགྲོན་འབོད་གནང་འདུག
སྐབས་དེར་དཔལ་འབྱོར་བཀའ་བློན་མཆོག་གིས་འཕགས་བོད་གཉིས་ལོ་རྒྱུས་ཐོག་ནས་འབྲེལ་བ་ཇི་ཡོད་དང་། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ནི་རྒྱ་གར་འཕགས་ཡུལ་དཔལ་ནཱ་ལེནྡྲ་ནས་བྱུང་བ་ཞིག་ཡིན་སྐོར་ངོ་སྤྲོད་གནང་བ་དང་། དེ་བཞིན་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་རྗེས་༧གོང་ས་མཆོག་གིས་དབུས་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་གྱར་དགོས་བྱུང་ནས་ད་བར་མི་ལོ་ ༦༠ ཉེ་བའི་རིང་རྒྱ་གར་གཞུང་མང་གཉིས་ནས་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གང་ལེགས་གནང་བ་མ་ཟད། བོད་མི་རང་ཉིད་ནས་སོ་སོའི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཐུབ་པ་ནི་རྒྱ་གར་གྱིས་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་དང་། རྒྱ་གར་གྱིས་བོད་མིའི་རང་དབང་འཐབ་རྩོད་དང་། བོད་མི་རྣམས་ལ་དབུ་མའི་ལམ་གཞིར་བཟུང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་རྒྱུར་མུ་མཐུད་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་གནང་འདུག
གཞན་ཡང་བཀའ་བློན་མཆོག་གིས་ད་ལན་ཀ་ཊེ་ཝ་ར་རྫོང་ཁུལ་དུ་ས་གནས་ཀྱི་མི་མང་གྲངས་ ༡༥༠ ལྷག་ཚོགས་ཞུགས་གནང་བའི་བོད་དོན་གོ་རྟོགས་ཀྱི་ལས་རིམ་འདི་ནི་ཁ་ཕྱོགས་ཡང་དག་པའི་ལས་འགུལ་ཆུང་ངུ་ཞིག་ཡིན་ཡང་མ་འོངས་པར་ལས་འགུལ་འདི་རིགས་ས་གནས་ནང་ཁུལ་དང་། རིམ་པས་རྒྱ་གར་རྒྱལ་ཡོངས་སུ་ལས་འགུལ་རྒྱ་ཆེ་རུ་སྤེལ་རྒྱུའི་རེ་སྐུལ་ཡང་གནང་འདུག བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་ཚོགས་གཙོ་སྐུ་ཞབས་ནཱ་རེནྡྲ་ཅོ་དི་རི་ Narendar Chaudhary མཆོག་གིས་དབུ་འབྱེད་གཏམ་བཤད་ནང་། ཚོགས་པ་དེའི་དམིགས་ཡུལ་ནི་ལྡི་ལི་དང་ཧར་ཡ་ན་ས་གནས་ཁུལ་གྱི་རྒྱ་གར་མི་མང་ཁྲོད་བོད་དོན་གོ་རྟོགས་སྤེལ་རྒྱུས་མཚོན། བོད་ནི་རྒྱ་གར་གྱི་བདེ་འཇགས་ཐོག་ལའང་གནད་འགག་ཇི་ཙམ་ཆགས་ཡོད་པའི་སྐོར་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་ཡིན་སྐོར་གསུངས་འདུག དེ་ཉིན་ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁང་ནས་བོད་དོན་དང་འབྲེལ་བའི་དཔེ་དེབ་ཁག་གཅིག་བགོ་འགྲེམས་གནང་འདུག
སྤྱིར་ Youth Liberation front of Tibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འདི་ནི་ཕྱི་ལོ་ ༢༠༠༡ ལོའི་ཟླ་བ་ ༥ ནང་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། རྒྱ་གར་གྱི་Jat མི་རིགས་ཀྱི་གཞོན་སྐྱེས་ཤ་སྟག་ལས་གྲུབ་པའི་རྒྱབ་སྐྱོར་ཚོགས་པ་ཞིག་རེད་འདུག །