༢༠༡༨ ཟླ་ ༢ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༧ ཉིན་ལྷག་དཀར་དང་བསྟུན་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་པས་རྒྱལ་ས་ཐེ་པེ་རུ་བོད་རང་དབང་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་འདུག ལས་འགུལ་དེ་བརྒྱུད་འདི་ལོའི་གསུམ་བཅུའི་དུས་དྲན་ལས་འགུལ་སྤེལ་རྒྱུའི་སྔོན་འགྲོའི་བོད་དོན་དྲིལ་བསྒྲགས་ལས་འགུལ་སྤེལ་བ་ཞིག་རེད།
དེ་ཡང་ཐེངས་འདིར་ ༢།༢།༨ སྐྱེས་མོས་ཚལ་ནས་འགོ་བཙུགས་པ་དང་། བར་དུ་ཐེ་ཝན་རང་དབང་ཐང་ཆེན་དུ་འབྱོར་སྐབས་གསར་འགོད་གསལ་བསྒྲགས་སྤེལ་བ་མ་ཟད། མཐར་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མང་ཤོས་འཛོམས་ས་ཅང་ཀེ་ཤེག་རྗེས་དྲན་གྱི་བཞི་མདོ་དང་། National Chiang Kai-shek Memorial Hall’s Liberty Square ཐེ་ཝན་ ༡༠༡ ཐོག་རྩེགས་ཁང་ཆེན་མདུན་ཐང་དུ་ལས་འགུལ་རེ་ཞིག་མཇུག་བསྒྲིལ་འདུག
དེ་ཡང་རང་དབང་ཐང་ཆེན་ཐོག་གསལ་འགོད་གསལ་བསྒྲགས་སྤེལ་སྐབས་ཐེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་དང་། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། དེ་རིང་ནས་གསུམ་བཅུའི་དུས་དྲན་བར་གྱི་བདུན་རེའི་ལྷག་དཀར་ནམ་ཡིན་ལ་ང་ཚོས་བོད་དོན་གོ་རྟོགས་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་འགོ་བཙུགས་པ་ཡིན། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་པར་མཚོན་ན་ཐེ་ཝན་དང་བོད་མི་རྣམས་ལ་རང་དབང་དང་ཐོབ་ཐང་ཆེད་ལས་འགུལ་མུ་མཐུད་སྤེལ་རྒྱུ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།
ཕྱོགས་མཚུངས་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀོ་ལ་སི་ཡོ་ཊ་ཀ་ Kolas Yotaka མཆོག་གིས་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་འདྲ་མིན་གྱི་ཚོགས་གཙོ་སོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་སྤེལ་འདུག་པ་བཅས།།