༢༠༡༨ ཟླ་ ༢ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་༢ ཚེས་ ༡༤ ཉིན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་ཝ་ཡུལ་ Tuva Republic གྱི་རྒྱལ་ས་ཀི་ཛེལ་ Kyzyl ནང་། ཇི་སྲིད་ནམ་མཁའ་གནས་པ་དང་། ཞེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེ་དང་རེ་བའི་སྐོར་གྱི་བཀའ་སློབ་ལམ་སྟོན་འཁོད་པའི་སྐུ་པར་འགྲེམས་སྟོན་ཐེངས་གཉིས་གནང་འདུག
དེ་ཡང་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་མཐུན་འགྱུར་དང་རོགས་རམ་ལ་བརྟེན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེ་དང་རེ་བའི་སྐོར་གྱི་བཀའ་སློབ་ལམ་སྟོན་འཁོད་པའི་སྐུ་པར་འགྲེམས་སྟོན་དེ་བཞིན་ཡུལ་དེའི་ས་གནས་གཙོ་ཆེ་བ་དྲུག་གིས་གཙོས་ས་གནས་གཞན་ཁག་གཅིག་ནང་འགྲེམས་སྟོན་གནང་འདུག
འགྲེམས་སྟོན་གྱི་སྐུ་པར་ཁག་ནི་དགའ་ལྡན་ཕོ་བྲང་ཡིག་ཚང་གི་པར་པ་བསྟན་འཛིན་ཆོས་འབྱོར་ལགས་དང་། དེ་བཞིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་རྟེན་གཞི་བྱས་པའི་བོད་སྐྱོབ་ཐེབས་རྩ་ཁང་གི་ཟུང་འབྲེལ་འགན་འཛིན་དང་པར་པ་ཨི་གྷོར་ Igor Yachoglov ལགས་རྣམ་གཉིས་ཀྱིས་བསྒྲོན་པའི་སྐུ་པར་ཁག་གཅིག་ཡིན་འདུག
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལེགས་བཤད་རྣམས་ཨུ་རུ་སུ་དང་ཐུ་ཝའི་སྐད་ནང་ཕབ་བསྒྱུར་ཞུས་ནས་༸གོང་ས་མཆོག་གི་སྐུ་པར་རེ་རེའི་སྟེང་བཀོད་ཡོད་པ་རེད།
ས་གནས་ཀྱི་སློབ་གྲྭའི་དགེ་རྒན་དང་དཔེ་མཛོད་དོ་དམ་པ། དེ་བཞིན་སྤྱི་ཚོགས་ཞབས་ཞུ་བ་སོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བའི་འཇིག་རྟེན་སྤྱི་ལ་བཀྲི་བའི་ཀུན་ཁྱབ་ཀྱི་འགན་འཁུར་དང་། ནང་གི་བསམ་བློའི་རིན་ཐང་གོང་མཐོར་གཏོང་ཐབས་ཀྱི་ལྟ་གྲུབ་དེ་དག་གཞོན་སྐྱེས་ཚོར་ངོ་སྤྲོད་ཡོང་ཆེད་སྐུ་པར་འགྲེམས་སྟོན་དེ་ལྟ་བུ་ནི་སྡིངས་ཆ་ཧ་ཅང་གལ་ཆེན་པོ་ཞིག་ཡིན་སྐོར་བརྗོད་འདུག
གོ་སྒྲིག་གནང་མཁན་ཚོས་བརྗོད་པ་ལྟར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ལུས་རིན་པོ་ཆེའི་གལ་གནད་སྐོར་དང་། ནང་སེམས་ཀྱི་ཞི་བདེ། བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས་སོགས་ཀྱི་སྐོར་ལ་བཀའ་སློབ་ལམ་སྟོན་སྩལ་བ་དེས་གཞོན་སྐྱེས་ཚོའི་མི་ཚེའི་མདུན་ལམ་ཡག་པོ་ཞིག་ཡོང་བར་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་སྐོར་བརྗོད་འདུག
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་དང་། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་རྟེན་གཞི་བྱས་པའི་བོད་སྐྱོབ་ཐེབས་རྩ་ཁང་སོགས་ཀྱིས་རྒྱབ་སྐྱོར་ལ་བརྟེན་ནས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་ཝ་ Tuva Republic ཡུལ་གྱི་རྒྱལ་ས་ཀི་ཛེལ་ Kyzyl ནང་ཇི་སྲིད་ནམ་མཁའ་གནས་པ་དང་། ཞེས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེ་དང་རེ་བའི་སྐོར་གྱི་བཀའ་སློབ་ལམ་སྟོན་འཁོད་པའི་སྐུ་པར་འགྲེམས་སྟོན་ཐེངས་གཉིས་གནང་ཐུབ་ཡོད་པ་བཅས། །