ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ ཉིན་ཇི་ནི་ཝ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྲུང་སྐྱོབ་ལྷན་ཚོགས་ཐེངས་ ༡༠ ཐོག་ 10th Geneva Summit for Human Rights and Democracy འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་གྲངས་ ༣༥ རྣམས་ལ་བཙོན་འཇུག་ཉིན་གྲངས་ག་ཚོད་བྱས་ཡོད་པ་སོགས་འཁོད་པའི་འདྲ་པར་དཔྱངས་ཡོད་པའི་ཁོངས་སུ་བོད་ཀྱི་ཆབ་སྲིད་བཙོན་པ་གྲངས་ ༦ གི་འདྲ་པར་ཡང་དཔྱངས་ཡོད།
དེ་ཡང་བོད་ཀྱི་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙོན་འཇུག་ཉིན་གྲངས་ ༨༣༡༥ བྱས་ཏེ་དུས་ཡུན་རིང་ཤོས་ཅན་གྱི་བོད་ཀྱི་ཆབ་སྲིད་བཙོན་པ་ཞིག་ཏུ་གྱུར་ཡོད། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་དགུང་གྲངས་ ༦ ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་བ་ནས་བཟུང་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་ཡབ་ཡུམ་བཅས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་འཛིན་བཟུང་བྱས་པ་མཁས་ལེན་བྱེད་ཀྱི་ཡོད་ཀྱང་། རིན་པོ་ཆེ་མཆོག་ད་ལྟ་གང་དུ་ཡོད་མེད་དང་། ཁོང་དང་ཁོང་གི་ནང་མིའི་གནས་སྟངས་གང་འདྲ་ཡིན་མིན་སྐོར་གསལ་བཤད་གང་ཡང་བྱས་མེད།
ཆབ་སྲིད་བཙོན་པ་དྲུག་ནི། པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཨམ་མདོ་རྔ་བའི་ཁུལ་དུ་རང་ལུས་མེར་སྲེག་བརྒྱུད་སྐུལ་བྱས་པའི་ཉེས་མིང་གཡོག་ནས་དུས་ཚོད་ནར་འགྱངས་ཀྱིས་སྲོག་ཐོག་གི་ཉེས་ཆད་བཅད་དེ་བཙོན་འཇུག་ཉིན་གྲངས་ ༡༩༠༧ བྱས་ཡོད་པའི་ཀིར་རྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག་ལགས། རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བའི་རྐྱེན་གྱིས་བཙོན་འཇུག་ཉིན་གྲངས་ ༡༨༠༤ བྱས་ཡོད་པའི་དཀོན་མཆོག་དབང་མོ་ལགས་ཀྱི་བཟའ་ཟླ་སྒྲོལ་མ་སྐྱབས་ལགས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་ལགས་བཙོན་འཇུག་ལོ་ ༡༥ ཡོད་པ་དང་དུས་ད་ལྟ་བར་དུ་བཙོན་འཇུག་ཉིན་གྲངས་ ༢༩༧༠ བྱས་ཡོད་འདུག ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་གྱེན་ལངས་ཀྱི་གནས་ཚུལ་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག་བཙོན་འཇུག་ལོ་ ༡༥ བྱས་ཡོད་པ་དང་ད་ལྟ་བར་དུ་ཉིན་གྲངས་ ༣༦༤༣ བཙོན་འཇུག་བྱས་ཡོད་པའི་སྨན་པ་ཡེ་ཤེས་ཆོས་སྒྲོན་ལགས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་རྐྱེན་གྱིས་ལོ་ ༧ འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་ད་ལྟ་བར་དུ་བཙོན་འཇུག་ཉིན་གྲངས་ ༨༢༣ བྱས་ཡོད་པའི་བོན་སྒོ་སྐྱིད་ལགས་བཅས་ཡིན།
སྤྱིར་ཚོགས་ཁང་ནང་བོད་ཀྱི་ཆབ་སྲིད་བཙོན་པ་ ༦ དང་། ཆབ་སྲིད་བཙོན་པ་གཞན་ཡོད་པའི་ནང་ནས་གསུམ་ཆ་གཅིག་ལས་མང་བ་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་པ་རེད་འདུག དེ་མིན་ཀུ་བྷ་དང་། ཨུ་རུ་སུ། ཨེ་རན། ཀམ་བྷོ་ཌི་ཡ། ཝེ་ནེ་ཛུ་ལ་རྒྱལ་ཁབ་སོགས་ཀྱིས་བཙོན་འཇུག་བྱས་ཡོད་འདུག །